དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྒོ་འགྲམ་གྱི་དྲོ་སྐྱིད་ལྡན་པའི་ཟ་ཁང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཅང་མོང་།   |     སྤེལ་དུས།  2025-12-07

    “སྤོ་བོ་ལི་ལགས། ཁ་ལག་སླེབས་སོང” མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཆུས་ནན་ཁྲོན་ནུབ་ལམ་ཁྲོམ་གཞུང་ཏུང་ཐའེ་སྡེ་ཁུལ་དུ། ཆེད་བསྐོས་དྲ་མིག་པ་ཞུང་ཤིན་ཕིང་གིས་ཉིན་གུང་གི་ཁ་ལག་ཚ་པོ་ལོ་91ལ་སླེབས་པའི་ལི་ཤན་རུང་ལ་སྤྲད་པ་དང་། སྒོ་རྩར་བསྐྱལ་བའི་ཁ་ལག་དེ་ནི་ཏུང་ཐའེ་སྡེ་ཁུལ་བདེ་སྐྱིད་ཟ་ཁང་གི་བཟའ་བཏུང་ཞབས་ཞུའི་ས་ཚིགས་ཀྱིས་མཁོ་འདོན་བྱས་པ་ཞིག་ཡིན་ལ། ཤ་ཚལ་གཉིས་དང་ཤ་མེད་གཉིས། ཐང་གཅིག གཙོ་ཟས་གཅིག་བཅས་ཡོད་པ་རེད།

    ལི་ཤན་རུང་གིས“ཁ་ལག་འབོར་མང་པོ་འདུག གཅིག་གིས་ངེད་ཁྱོ་ཤུག་གཉིས་ཀ་རྒྱགས་ཀྱི་འདུག” “བཟའ་བཏུང་ཞབས་ཞུའི་ས་ཚིགས་སྒོ་རའི་ནང་བཙུགས་ཡོད་པས་ཐག་ཧ་ཅང་ཉེ་པོ་ཡོད་ནའང་ད་དུང་སྒོ་རྩར་བསྐྱལ་གྱི་འདུག”ཅེས་བཤད།

    ལི་ཤན་རུང་ཁྱོ་ཤུག་གཉིས་ཀ་ནན་ཁྲོན་ནུབ་ལམ་གྱི་སྒོ་ར་ཨང་107ནང་སྡོད་ཀྱི་ཡོད་ཅིང་། དེ་གའི་གྲོང་མི་མང་ཆེ་བ་རྒན་རྒོན་ཡིན་པ་དང་། དེ་དག་ཁྲོད་དུ་ཁེར་སྡོད་རྒན་རྒོན་དུད་ཚང་40ལྷག་ཙམ་ཡོད། ཏུང་ཐའེ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཐེན་ཅུན་གྱིས“སྔོན་ཆད། སྡེ་ཁུལ་དུ་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་ཤིག་ཡོད་མོད། ཡིན་ན་ཡང་སྒོ་ར་དང་ལམ་ཐག་ཅུང་རིང་པོ་ཡོད། རྒན་རྒོན་མང་པོ་ཞིག་གི་རྐང་པ་ཐང་པོ་མེད་པས་ཁ་ལག་ཟ་བར་འགྲོ་དུས་ལམ་བར་དུ་ངལ་གསོ་ཐེངས་གཉིས་གསུམ་རྒྱག་དགོས”ཞེས་བཤད།

    དམངས་འཚོའི་དཀའ་གནད་སེལ་ཆེད། ཏུང་ཐའེ་སྡེ་ཁུལ་ཏང་ཨུད་ཀྱིས་སྒོ་ར་ཨང་107ནང་བཟའ་བཏུང་ཞབས་ཞུའི་ས་ཚིགས་ཤིག་འཛུགས་རྒྱུའི་ཐག་བཅད། བསམ་བློ་དེ་འཁོར་རྗེས། ཐོག་མར་ཐག་གཅོད་བྱེད་དགོས་པ་ནི་ས་ཆ་འདེམས་རྒྱུ་ཡིན་མོད། ཡིན་ན་ཡང་ས་ཆ་འོས་ཤིང་འཚམ་པ་ཞིག་གང་ནས་འཚོལ་དགོས་སམ།

    ཏུང་ཐའེ་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྥེང་ལེ་ཡིས། ཁོངས་གཏོགས་ནང་གི་མཚོ་སྔོན་ཞིང་ཆེན་ས་གཤིས་བརྟག་དཔྱད་ཁང་གིས་གནས་ཚུལ་དེ་ཐོས་རྗེས། རྒན་གསོའི་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་སྤྱི་ཚོགས་ཀྱི་འགན་འཁྲི་ཡིན་པས། སྒོ་ར་ཨང་107ནང་བེད་མེད་དུ་བཞག་པའི་མཚོ་སྔོན་ཞིང་ཆེན་ས་གཤིས་བརྟག་དཔྱད་ཁང་གི་ཁང་པ་ཞིག་རང་འགུལ་ངང་མཁོ་འདོན་བྱ་རྒྱུ་མ་ཟད། ད་དུང་དེའི་ཆུ་གློག་དང་དྲོད་རླངས་ཀྱི་འགྲོ་གྲོན་ཡང་སྤྲོད་རྒྱུ་ཡིན་པ་བཤད་བྱུང་ཞེས་ངོ་སྤྲོད་བྱས་པ་རེད།

    དེ་དང་ཆབས་ཅིག ཏུང་ཐའེ་སྡེ་ཁུལ་གྱིས་ནན་ཁྲོན་ནུབ་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་གྲོང་དབུས་ཆུས་དམངས་སྲིད་ཅུས་ལ་རང་འགུལ་ངང་འབྲེལ་མཐུད་བྱས་པ་རེད། ཐེན་ཅུན་གྱིས“གསར་དུ་བཙུགས་པའི་བཟའ་བཏུང་ཞབས་ཞུའི་ས་ཚིགས་དེ་ཟི་ལིང་གྲོང་ཁྱེར་གྱི་རྒན་རྒོན་བཟའ་བཏུང་ཞབས་ཞུའི་མ་ལག་ནང་བཅུག་པས། ཆུས་དམངས་སྲིད་ཅུས་ཀྱིས་ལེ་ལག་ཚང་བའི་སྒྲིག་བཀོད་མཁོ་འདོན་བྱས་པ་དང་། གྲོང་དབུས་ཆུས་རྒན་གཅེས་བདེ་སྐྱིད་ཟ་ཁང་གི་ཐབ་ཚང་ཨ་མས་ཉིན་རེའི་ཁ་ལག་གཅིག་གྱུར་གཡོས་སྦྱོར་དང་སྡེབ་སྐྱེལ་བྱེད་ཀྱི་ཡོད། བཟའ་བཏུང་ཞབས་ཞུའི་ས་ཚིགས་ཀྱི་རྒྱུན་གཏན་གཉེར་སྐྱོང་བྱེད་འགན་སྡེ་ཁུལ་གྱིས་འཁུར་གྱི་ཡོད”ཅེས་བཤད།

    ད་ལོའི་ཟླ་དགུ་པར། གསར་དུ་བཙུགས་པའི་ཏུང་ཐའེ་སྡེ་ཁུལ་བདེ་སྐྱིད་ཟ་ཁང་གི་བཟའ་བཏུང་ཞབས་ཞུའི་ས་ཚིགས་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། ཚལ་སྣ་མང་བ་དང་། རིན་གོང་ཁེ་བ། དོ་དམ་ཚད་ལྡན་བཅས་ཡོད་པས་རྒན་རྒོན་ཚོས་དགའ་པོ་བྱེད་ཀྱི་ཡོད་པ་རེད།

    རྐང་པ་ཐང་པོ་མེད་པའི་རྒན་རྒོན་གྱིས་ཁ་པར་ཐེངས་གཅིག་བརྒྱབ་ན། སྡེ་ཁུལ་གྱི་ཆེད་བསྐོས་དྲ་མིག་པས་སྒོ་རྩར་བསྐྱལ་ཡོང་གི་ཡོད། སྒོ་རྩར་བསྐྱལ་བའི་གཅེས་སེམས་ལས་རྒན་རྒོན་ཚོ་དགའ་སྤྲོ་ཆེན་པོ་བྱུང་ཡོད།

    མིག་སྔའི་བར། བཟའ་བཏུང་ཞབས་ཞུའི་ས་ཚིགས་དེས་རྒན་རྒོན་མི་ཐེངས་1000ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་། ཕྱིས་སུ“ང་ཚོས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་ནས། རྒན་རྒོན་དེ་བས་མང་བར་སོ་སོའི་སྒོ་རྩ་ནས་སྟབས་བདེ་ལ་སྤུས་ཀ་ལེགས་པའི་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན”ཞེས་ཐེན་ཅུན་གྱིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།