གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ལས་མཉམ་ལས་ཀྱི་གོ་སྐབས་གསར་པ་བྱུང་བ།
མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་བྱུང་བཞིན་ཡོད། ས་འབྲེལ་གྱི་ཆབ་སྲིད་ཛ་དྲག་པ་དང་། གནམ་གཤིས་འགྱུར་ལྡོག་འགྲོ་བ། སྤྱི་པའི་འཕྲོད་བསྟེན་ལ་ཉམས་ཉེན་བྱུང་བ། གྲངས་འཛིན་བདེ་འཇགས་དང་ནུས་རྒྱུ་དཀོན་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་རྫོགས་མཐའ་མེད་པ་ཐོན་བཞིན་ཡོད། འགྲན་སློང་མང་པོའི་མདུན་དུ་ད་ཡོད་ཀྱི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་གིས་སེམས་ནུས་འདོན་མི་ཐུབ་པ་མངོན་གྱི་ཡོད་དེ། ཕྱོགས་གཅིག་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་སྔར་བཞིན་མི་འདང་བ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཁག་གཅིག་གིས་ཕྱོགས་རྐྱང་རིང་ལུགས་ཁྱབ་གདལ་བཏང་ནས་ཕྱོགས་མང་མཉམ་ལས་ཀྱི་ཕན་ནུས་ཞན་དུ་འགྲོ་བ་དེ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ལ་དེ་བས་བསྟུན་མཁས་དང་། གཞུང་དྲང་། ནུས་ལྡན་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཇུས་གཞི་དེ་བས་མཁོ་གི་ཡོད།
སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་གོས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་དང་གོ་ལ་ཧྲིལ་པོའི་ལས་དོན་ནང་གཏིང་ཟབ་ཞུགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དགའ་བསུ་ཆེན་པོ་ཐོབ་པའི་སྤྱི་པའི་ཐོན་རྫས་མང་པོ་མཁོ་འདོན་བྱས་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་སོགས་སྔ་རྗེས་སུ་བཏོན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དང་ལེན་རྒྱ་ཁྱབ་དང་རྒྱབ་སྐྱོར་ཧུར་ཐག་ཐོབ་ནས་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་པ་དེ་ནི་ཀྲུང་གོའི་ས་ཁོངས་དང་གོ་ལ་ཧྲིལ་པོའི་ཤུཌ་རྐྱེན་མུ་མཐུད་ཆེ་རུ་འགྲོ་བའི་མཆན་འགྲེལ་གསར་ཤོས་ཤིག་རེད།
དེ་ཡང་རྒྱལ་སྤྱིའི་མཁས་དབང་མང་པོས་བསྟན་པ་ལྟར། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་དེང་སྐབས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་གནས་པའི་སྐྱོན་ཆ་དང་ཞན་ཆར་ལན་བཏབ་ཡོད། མིག་སྔར། རྒྱལ་སྤྱིའི་སྒྲིག་གཞི་མང་པོ་ཞིག་གིས་ལོ་བཅུའི་གོང་དུ་གྲུབ་པའི་སྒྲོམ་གཞི་སྔར་བཞིན་རྒྱུན་མཐུད་ཀྱི་ཡོད་པས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་མི་འདང་བ་དང་། ཐབས་ཇུས་གལ་ཆེན་སྔར་བཞིན་དར་རྒྱས་ཆེ་བའི་རྒྱལ་ཁབ་ཉུང་ཤས་ཀྱིས་གཙོ་ཁྲིད་བྱེད་ཀྱི་ཡོད་སྟབས། དོ་མི་མཉམ་པའི་གནས་བབ་དེ་རིགས་ཀྱིས་རྒྱལ་སྤྱིའི་སྒྲིག་གཞིའི་ལག་བསྟར་བྱེད་ཤུགས་ཞན་དུ་སོང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཕན་ནུས་རང་བཞིན་ཉེན་ཁའི་གནས་སུ་ལྷུངས་ཡོད། གནམ་གཤིས་འགྱུར་ལྡོག་དང་། མི་ཐབས་རིག་ནུས། དྲ་རྒྱའི་བདེ་འཇགས། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་གསར་དར་འགྲན་སློང་གི་མདུན་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་བྱེད་ནུས་ལྡན་པའི་མཚལ་ཡིག་གི་དགོས་མཁོ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
ཀྲུང་གོ་ནི་མོང་གོལ་རྒྱལ་ཁབ་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་རོགས་ཟླ་ཡིན་པས་མོང་གོལ་རྒྱལ་ཁབ་ཀྱིས་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཕྱོགས་མང་ཕྱི་འབྲེལ་དང་ས་ཁོངས་མཉམ་ལས་ལའང་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་ཀྱི་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དང་མོང་གོལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཕྱི་འབྲེལ་འདུ་ཤེས་ཚད་མཐོའི་གཅིག་མཐུན་ཡིན་པས། མོང་གོལ་རྒྱལ་ཁབ་ཀྱིས་བསམ་ཤེས་གཏིང་ཟབ་དང་འབྲེལ་མཐུད་ཧུར་ཐག་བྱེད་རིན་ཡོད་པ་ཞིག་ཡིན་ཏེ། དཔེར་ན། བདག་དབང་འདྲ་མཉམ་ལག་བསྟར་བྱེད་པ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་ཚུགས་ངང་ལངས་ཕྱོགས་བརྗོད་པ་དང་རྒྱལ་སྤྱིའི་ལས་དོན་ནང་འདྲ་མཉམ་ངང་ཞུགས་ནས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དེ་བས་ལེགས་པ་བྱེད་དབང་ཡོད་པ་མཚོན་གྱི་ཡོད། བྱ་སྤྱོད་ཕྱོགས་སྟོན་དུ་འཛིན་རྒྱུར་མཐོང་ཆེན་བྱེད་པ་དེས་སྟོང་བཤད་ལ་ངོ་རྒོལ་དང་བྱ་སྤྱོད་ལ་མཐོང་ཆེན་བྱེད་པ་དེ་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་མཉམ་ལས་ཀྱི་གྲུབ་འབྲས་སུ་བསྒྱུར་བ་དང་། ལྗང་མདོག་ནུས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ནུས་པ་སྔར་བས་ཆེ་རུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་མཚོན་ཡོད།
(རྩོམ་པ་པོ་ནི་མོང་གོལ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”ཐུན་མོང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་སྲོལ་གཏོད་ཀྲུའུ་རེན་ཡིན་པ)
འབྲེལ་ཡོད་གསར་འགྱུར།