མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་བརྗོད་དོན།
མི་ཐབས་རིག་ནུས་དོ་དམ་གྱི་ཧེ་བག་ལས་རྒྱལ་ཁབ་ཁག་དབར་གྱི་འདྲ་མཉམ་མེད་པའི་སྣང་ཚུལ་ཚབས་ཆེ་རུ་འགྲོ་སྲིད་པ།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནས་ཚུལ་སྤེལ་བར། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁོངས་ཅུས་ཀྱིས་ཚེས་2ཉིན་ཁྱབ་བསྒྲགས་བྱས་པའི་མི་ཐབས་རིག་ནུས་སྐོར་གྱི་སྙན་ཞུ་ཞིག་གི་ནང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་རྨང་གཞི་མི་འདྲ་བས་གལ་ཏེ་མི་ཐབས་རིག་ནུས་ལ་དོ་དམ་ནུས་ལྡན་མ་བྱས་ཚེ། རྒྱལ་ཁབ་ཁག་དབར་གྱི་ཧེ་བག་ཆེ་རུ་ཕྱིན་ནས་འདྲ་མཉམ་མིན་པའི་སྣང་ཚུལ་ཚབས་ཆེ་རུ་འགྲོ་སྲིད་ཅེས་བརྗོད་ཡོད།
སྙན་ཞུའི་ནང་མི་ཐབས་རིག་ནུས་ཀྱིས་འཕེལ་རྒྱས་ལ་ཐབས་ལམ་གསར་པ་བཏོད་ཡོད་མོད། འོན་ཀྱང་རྒྱལ་ཁབ་ཁག་གི་ཐོག་མའི་ཆ་རྐྱེན་ཁྱད་པར་ཆེ་བས། གོ་སྐབས་ལ་སྟངས་འཛིན་དང་ཉེན་ཁ་ཚོད་འཛིན་བྱེད་སྐབས་ཀྱི་གནས་བབ་གཏན་ནས་འདྲ་གི་མེད། གལ་ཏེ་སྲིད་ཇུས་ཀྱི་ཐེ་ཇུས་ནུས་ལྡན་མ་བྱུང་ཚེ་ཧེ་བག་དེ་དག་མུ་མཐུད་ཇེ་ཆེར་འགྲོ་སྲིད་ལ། དུས་ཡུན་རིང་པོའི་ནང་འཕེལ་རྒྱས་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་འགྲོ་བའི་འཕེལ་ཕྱོགས་ཀྱང་ལྡོག་ཕྱོགས་སུ་འགྲོ་སྲིད་ཅེས་བརྗོད་ཡོད།
སྙན་ཞུའི་ནང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དུ་གོ་ལ་ཧྲིལ་པོའི་མི་འབོར་55%ཡན་ཡོད་པ་དེ་ནི་མི་ཐབས་རིག་ནུས་ཕྱོགས་སྒྱུར་གྱི་ལྟེ་བའི་ས་ཁུལ་ཞིག་རེད། ཁུལ་དེར་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་སྤྱོད་མཁན་ཕྱེད་ཀ་ལྷག་ཙམ་གཅིག་འདུས་བྱས་ནས་གསར་གཏོད་ཀྱི་འཕེལ་ཕྱོགས་མུ་མཐུད་ཆེ་རུ་ཕྱིན་ཡོད། འོན་ཀྱང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རྒྱལ་ཁབ་ཁག་གི་གྲངས་འཛིན་ཅན་འཕེལ་རྒྱས་ཀྱི་ཆུ་ཚད་ལ་ཧེ་བག་མངོན་གསལ་དོད་པོ་ཡོད། གྲངས་འཛིན་ཅན་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་ཏེ་དེ་ནི་རྒྱལ་ཁབ་ཁག་ལ་མི་ཐབས་རིག་ནུས་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཁྲོད་ནས་ཡོངས་ཁྱབ་ཏུ་ཕན་པ་ཐོབ་མིན་དང་འབྲེལ་བ་ཡོད་ཅེས་བརྗོད་ཡོད།
སྙན་ཞུའི་ནང་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་། ཆེད་ལས་ཀྱི་ཤེས་ལྡན་པ་དཀོན་པ། རྩིས་རྒྱག་ནུས་པ་ཚད་ཡོད་པ་བཅས་དང་། དེ་བཞིན་བཅོས་སྐྱོང་ནུས་པ་མི་འདང་བ་སོགས་ཀྱི་རྒྱུ་རྐྱེན་ལས་མི་ཐབས་རིག་ནུས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་པར་ཚོད་འཛིན་ཐེབས་པ་མ་ཟད། དེ་ལས་བྱུང་བའི་ཉེན་ཁ་ཆེ་རུ་འགྲོ་སྲིད་པའི་ནང་ལས་ཞུགས་ལས་གནས་ཤོར་བ་དང་དེ་བཞིན་ནུས་རྒྱུ་ཟད་གྲོན་ཆེ་བའི་མི་ཐབས་རིག་ནུས་མ་ལག་ལས་གོ་ལ་ཧྲིལ་པོའི་ནུས་རྒྱུ་དང་ཆུའི་ཐོན་ཁུངས་ཀྱི་དགོས་མཁོ་འཕར་བ་སོགས་བར་བརྒྱུད་ཀྱི་ཤུགས་རྐྱེན་ཡང་ཚུད་པའི་ངོས་འཛིན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།