རྒྱལ་ཁབ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཁ་ན་ཏར་འཚམས་འདྲི་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨོ་ཐེ་ཧྭ་ནས་གློག་འཕྲིན་འབྱོར་གསལ། ཁ་ན་ཏ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་གདན་ཞུས་ལྟར་ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ཏེ། ཉིན་ཤས་གོང་ཁ་ན་ཏའི་ཏོ་ལོན་ཏོ་དང་ཨོ་ཐེ་ཧྭ་རུ་འཚམས་འདྲི་བྱས་ནས་རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ཀྱི་འབྲེལ་མཐུད་དང་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་སྟེ། ཚོང་དོན་དང་མ་འཇོག་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་བ་རེད།
ཀྲུང་གོའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཁ་ན་ཏའི་གོ་ལ་ཧྲིལ་པོའི་ལས་དོན་པུའི་འགན་འཁུར་བ་དང་ཐུག་འཕྲད་བྱས་པ་དང་། ཁ་ན་ཏ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་དང་ཏོ་ལོན་ཏོ་ས་ཁུལ་གྱི་ཚོང་དོན་ཨུ་ལྷན་སོགས་ཚོང་ཚོགས་དང་མཐུན་ཚོགས་གཙོ་བོ་དང་པོ་ཧྥེང་ཚོགས་པ་སོགས་ཁ་ན་ཏའི་ཁེ་ལས་ཀྱི་འགན་འཁུར་བ་དང་བཞུགས་མོལ་སྤེལ་རེས་གནང་ཞིང་། རེན་ཧུང་པིན་གྱིས་ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་ཁ་ན་ཏའི་ལས་རིགས་ཁག་དང་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་པོའི་ཁེ་ལས་དབར་ཚོང་དོན་མ་འཇོག་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། ཁ་ན་ཏའི་བཟོ་ཚོང་ལས་རིགས་ཀྱིས་2026ལོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི“ཀྲུང་གོའི་ལོའི”བཟོ་ཚོང་ལས་རིགས་ཀྱི་བྱེད་སྒོ་རབ་དང་རིམ་པ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་འདེད་འགྲེམས་ཚོགས་སྐབས་བཞི་པར་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཡང་ཞུ་གི་ཡིན་ཞེས་བརྗོད་པ་རེད།
འཚམས་འདྲི་བྱེད་རིང་། ཀྲུང་གོའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་དང་ཁ་ན་ཏ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོ་དང་ཁ་ན་ཏའི་ཚོང་དོན་དང་མ་འཇོག་མཉམ་ལས་གླེང་སྟེགས་ཐུན་མོང་ཐོག་གཉེར་བ་མ་ཟད། མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་འདེད་འགྲེམས་ཚོགས་སྐབས་བཞི་པ་འོས་སྦྱོར་ཡང་བྱས་པ་རེད། ཀྲུང་གོ་དང་ཁ་ན་ཏའི་སྲིད་གཞུང་དང་། ལས་ཁུངས། ཁེ་ལས་བཅས་ཀྱི་འཐུས་མི་150ལྷག་ཙམ་གྱིས་སྔོན་ཐོན་བཟོ་སྐྲུན་དང་། གྲངས་འཛིན་ཚན་རྩལ། ནུས་རྒྱུ་གཙང་མ། ལྗང་མདོག་ཞིང་ལས་སོགས་མཉམ་ལས་ཁྱབ་ཁོངས་གཙོ་བོར་དམིགས་ནས་སྤེལ་རེས་དང་ངོ་འཕྲད་གྲོས་མོལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།