2025ལོའི་ལྗོངས་ཡོངས་ཀྱི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”བྱེད་སྒོ་དང“བརྒྱད་ལྔ”ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་སྤེལ་བ།
ཚེས་4ཉིན། 2025ལོའི་ལྗོངས་ཡོངས་ཀྱི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”བྱེད་སྒོ་དང“བརྒྱད་ལྔ”ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་ལྷ་སར་སྤེལ་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་བྱེད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།
ཀྲང་ཧུང་པོ་དང་། ཚེ་རིང་ཕུན་ཚོགས། པད་མ་དབང་འདུས། ཤཱ་ཁེ་ཆིན་བཅས་ཕེབས་ཡོད་པ་རེད།
ལིའུ་ཅང་གིས་གསུངས་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་འོག་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་བརྟན་པོ་སྤོས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱང་ལམ་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བར་ཁྲིམས་སྐྱོང་གི་སྣེ་ཁྲིད་དང་། སྐུལ་འདེད། ཚད་ལྡན། འགན་སྲུང་བཅས་ཀྱི་ནུས་པ་འདོན་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་། རྩ་ཁྲིམས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བཅས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ཀྱི་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བཅའ་ཁྲིམས་དང་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྲོལ་ཡིག་ལག་བསྟར་ནན་ཏན་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྤྱི་འདོམས་ཡག་པོ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
ལིའུ་ཅང་གིས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ་རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་གཞི་རིམ་དུ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་ཤུགས་ཆེན་བཏང་ནས་རྩ་ཁྲིམས་ཀྱི་དབང་གྲགས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དམངས་ཆེད་ཁྲིམས་སྐྱོང་གི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དེ་ཉིད་ཁྲིམས་སྐྱོང་ལག་ལེན་དང་། གཞི་རིམ་བཅོས་སྐྱོང་། རྒྱུན་གཏན་འཚོ་བ་བཅས་དང་མཉམ་འདྲེས་བྱེད་པ་དང་། ནན་པོ་དང་། ཚད་ལྡན། དྲང་གཞག ཤེས་དཔལ་བཅས་ཀྱི་ཁྲིམས་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་རྒྱུན་མཐུད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ“དོན་ཆེན་བཞི”དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་པ་དང“འཛུགས་གཏོད་བཞིའི”ཕྱོགས་ཁག་གི་ལས་དོན་ཁྲིམས་སྐྱོང་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཁག་གིས་མཉམ་སྒྲུབ་དང་མཉམ་དུ་ཞུགས་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་བཀོད་པ་ཆེན་པོ་གྲུབ་རྒྱུར་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཡོངས་སུ་ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། ཐག་གཅོད་བྱེད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་དར་སྲོལ་བཟང་པོ་གཏོད་དགོས།
ད་ལོའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”ནང་། “ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་བྱས་ནས་རྩ་ཁྲིམས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་གཅིག་སྡུད་འགྲེམས་སྟོན་བྱས་པ་རེད། བྱེད་སྒོར་ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་གི་ཕུལ་བྱུང་གྱོད་དཔེ་དང་། ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་གི་ཕུལ་བྱུང་འགུལ་རིས་བརྙན་ཐུང་། རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་ཁྲིམས་ལུགས་ཁྱབ་གདལ་གྱི་སྒྲོག་འགྲེལ་པ”ཁག་དང་པོ་བཅས་ལ་གཟེངས་བསྟོད་བྱས་པ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ཁྲིམས་ལུགས་ཁྱབ་གདལ་གྱི་འཐུས་མི་ལྔ་ཡིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།