ཞི་ཅིན་ཕིང་ཀྲུང་གོ་དང་ཧྥ་རན་སེའི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་མཇུག་འགྲིལ་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ།

ཟླ་12ཚེས་4ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་ལྷན་དུ་ཀྲུང་གོ་དང་ཧྥ་རན་སེའི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་མཇུག་འགྲིལ་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་4ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་ལྷན་དུ་ཀྲུང་གོ་དང་ཧྥ་རན་སེའི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་མཇུག་འགྲིལ་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བར“རབ་བྱུང་གསར་པ”ཤར་བའི་ལོ་ཐོག་མ་དེ་རེད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་ཕྱིན་ནས་མཉེན་ཆ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཟླ་དང་པོ་ནས་བཅུ་པའི་བར། ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་687.5ཟིན་པ་དང་ཕྱོགས་གཉིས་པོའི་དབར་གྱི་མ་འཇོག་དངུལ་འབོར་རིམ་རྩིས་བརྒྱབ་ན་ཨ་སྒོར་དུང་ཕྱུར་270ལྷག་ཙམ་ཟིན་ཡོད། ཕྱོགས་གཉིས་པོས་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་ཀྱིས་གོ་སྐབས་ལ་དམ་འཛིན་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཧྥ་རན་སེའི་མཉམ་ལས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་ལེའུ་ཐུན་མོང་ཐོག་བརྩམས་ཏེ། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་བརྟན་ལྷིང་རང་བཞིན་ལ་བརྟེན་ནས་དེང་སྐབས་འཛམ་གླིང་གི་ངེས་གཏན་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས།
གཅིག་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་ནི་གལ་འགངས་ཆེ་ཞིང་མེད་དུ་མི་རུང་བའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་རོགས་ཟླར་བརྩི་གི་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཧྥ་རན་སེ་ཕྱོགས་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་དང་། སྟོབས་ཤུགས་དང་བློ་མོས་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཧྥ་རན་སེར་མ་འཇོག་ལས་དར་དུ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས་མི་ཐབས་རིག་ནུས་དང་། ལྗང་མདོག་དང་གྲངས་འཛིན་དཔལ་འབྱོར། སྐྱེ་དངོས་སྨན་རྫས། དབུ་དཀར་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་སྒོ་དབྱེ་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་དྲང་གཞག་དང་། ཁ་གསལ། མཐོང་ཆུང་མིན་པ། སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱེད་དགོས།
གཉིས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་གཉིས་ཕན་མཉམ་ལས་ཀྱི་འཕེལ་རྒྱས་གསར་པར་མུ་མཐུད་སྐུལ་འདེད་གཏོང་དགོས། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཞིག་རེད། ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་ལེགས་ཆ་གསབ་རེས་དང་གཉིས་ཕན་གཉིས་ཁེ་ཡོང་བ་བྱེད་པ་དེ་ཡིན་པས། འཕེལ་རྒྱས་ཁྲོད་སྐབས་བསྟུན་དོ་སྙོམས་རྦད་དེ་ཡོང་ཐུབ། ཕན་ཚུན་བརྟེན་རེས་བྱེད་པ་ནི་ཉེན་ཁ་མིན་ལ། ཁེ་ཕན་མཉམ་འདྲེས་བྱེད་པ་ནི་འཇིགས་སྣང་སྐུལ་བ་ཞིག་མིན། ཀྲུང་གོ་དང་ཧྥ་རན་སེ་ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་བྱེད་པར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་དེ་བས་འོད་སྟོང་འཕྲོ་བའི་ལོ་50རྗེས་མ་ཐུན་མོང་ཐོག་གཏོད་དགོས།
གསུམ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་ཐུན་མོང་ཐོག་ལེགས་སྐྱེས་གསར་པ་འབུལ་དགོས། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་པར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་རྗེས། ད་ལོའི་ཟླ་9པར་ངས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་པ་ཡིན། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་དང་དབང་གྲགས་ཐུན་མོང་ཐོག་སྲུང་སྐྱོང་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པ་དང་སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་དྲང་ནུས་ལེགས་སྐྱེས་འབུལ་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཀྲུང་གོས་ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་གི་ཡིན་པས། ཧྥ་རན་སེའི་ཁེ་ལས་མཁས་ཅན་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་སྤོགས་མུ་མཐུད་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།
ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ཁེ་ལས་སོགས་ལས་རིགས་ཁག་གི་འཐུས་མི་150ཙམ་མཇུག་འགྲིལ་མཛད་སྒོར་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།