དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-12-06

    ཟླ་12ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཙུང་ཐུང་མཱ་ཁེ་ལུང་སྟངས་དཔྱལ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་སྐྱོན་བཞིན་པ།

    ཟླ་12ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་མཱ་ཁེ་ལུང་ལ་ཕེབས་བསུའི་མཛད་སྒོ་འཚོག་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སེ་ནི་མིག་རྒྱང་རིང་ལ་འགན་འཁུར་ཕོད་མཁན་གྱི་རང་བཙན་རང་བདག་གི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་ལ། འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་དང་མིའི་རིགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་མིའི་རིགས་སླར་ཡང་ག་འགྲོ་འདི་འགྲོ་མི་ཤེས་པའི་ལམ་བཞི་མདོ་ཁར་སླེབས་པས། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོས་འགན་འཁྲི་ཕྲག་ཏུ་ཁུར་ཏེ། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བློ་རྩ་བརྟན་པོས་ལངས་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕུགས་ཀྱི་ཁེ་ཕན་ལ་དམིགས་ཏེ། འདྲ་མཉམ་ངང་སྐད་ཆ་ཤོད་རེས་དང་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱས་ནས། “རབ་བྱུང་གསར་པའི”ནང་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མདུན་ཕྱོགས་སུ་དེ་བས་བརྟན་པོ་དང་ཡག་པོ་སྐྱོད་ཐུབ་པ་དང་། འཐབ་ཇུས་ཀྱི་རིན་ཐང་གང་ལེགས་མངོན་པར་བྱས་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེན་པོའི་འཐབ་ཇུས་ཀྱི་མིག་རྒྱང་དང་རང་བཙན་རང་བདག་གི་ཁྱད་ཆོས་མངོན་པར་བྱེད་དགོས་ཤིང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞིར་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། འབྱུང་འགྱུར་ལོ་ལྔའི་རིང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད་ལ། འཛམ་གླིང་ལའང“གོ་སྐབས་ཀྱི་གསལ་ཐོ”ཞིག་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོས་གོ་སྐབས་ལ་དམ་འཛིན་གྱིས་མཉམ་ལས་ཀྱི་བར་མཐོངས་ཆེ་རུ་གཏོང་བ་དང་། མཁའ་འགྲུལ་དང་། འཇིག་རྟེན་འཕུར་སྐྱོད། ཉིང་ནུས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། ལྗང་མདོག་དཔལ་འབྱོར་དང་། གྲངས་འཛིན་དཔལ་འབྱོར། སྐྱེ་དངོས་སྨན་རྫས། མི་ཐབས་རིག་ནུས། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེའི་ཐོན་རྫས་སྤུས་དག་དེ་བས་མང་བ་ནང་འདྲེན་བྱེད་འདོད་ཡོད་ལ། ཧྥ་རན་སེའི་ཁེ་ལས་དེ་བས་མང་བ་ཀྲུང་གོར་ཡོང་ནས་འཕེལ་རྒྱས་གཏོང་བར་དགའ་བསུ་ཞུ་གི་ཡིན་པས། ཧྥ་རན་སེ་ཕྱོགས་ནས་ཀྱང་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་གྱི་ཁོར་ཡུག་དང་བརྟན་ལྷིང་གི་སྔོན་དཔག་མཁོ་འདོན་བྱེད་པའི་རེ་བ་ཡོད། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ལྷད་མེད་ཀྱི་སྙིང་ཉེའི་ཚོར་སྣང་ཡོད། རིག་གནས་དང་། སློབ་གསོ། ཚན་རྩལ། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མི་ཆོས་རིག་གནས་སྤེལ་རེས་ཀྱི་ངོ་མཚར་ཆེ་བའི་ལེའུ་མུ་མཐུད་རྩོམ་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་དུས་ཀྱི་འཛམ་གླིང་ཞི་བདེ་ལྷིང་འཇགས་དེ་ཙམ་མེད་ཅིང་། གླེང་ཆེའི་གནད་དོན་མང་པོ་གང་སར་ཐོན་པའི་སྒང་ལ་རྙོག་འཛིང་ཆེན་པོ་དང་ཐག་གཅོད་བྱེད་ཁག་པོ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་ཧྥ་རན་སེས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས། ཆབ་སྲིད་ཀྱི་རྩོད་གཞི་སེལ་བ་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཐད་འབྲེལ་གཏུག་དང་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་བྱེད་སྟངས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། མིག་སྔར། འཛམ་གླིང་དུ་ལྷོ་བྱང་འཕེལ་རྒྱས་དོ་སྙོམས་མེད་པ་དང་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིའི་ཁྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་མི་འདང་བ་སོགས་དོ་སྙོམས་མེད་པའི་གནད་དོན་མང་པོ་ཡོད། དེར་བརྟེན་རྒྱལ་ཁབ་ཁག་གིས་མཉམ་དུ་འགན་འཁྲི་ཁུར་བ་དང་མཐུན་སྦྱོར་བྱ་སྤྱོད་སྤེལ་ཏེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་སྔར་བས་དྲང་གཞག་དང་། དྲང་བདེན། ལུགས་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་ཡོའི་དབར་ལོ་50ཡི་རིང་འགྲོ་འོང་དང་། མཉམ་ལས། གཉིས་ཕན། གཉིས་ཁེ་བཅས་བྱུང་ཡོད་ལ་ཕན་ཚུན་གྲུབ་འབྲས་ཐོབ་པར་གཡས་གཞོགས་གཡོན་འདེགས་ཀྱང་བྱས་ཡོད། རྒྱལ་ཁབ་ཁག་གིས་ཐོན་སྤྲོད་འཁོར་འབྲེལ་མཉམ་སྤྱོད་གཏིང་ཟབ་བྱེད་དགོས་ཤིང་། སྒོ་དབྱེ་མཉམ་ལས་བྱས་ན་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་པ་དང་སྦྲེལ་ཐག་བཅད་ན་རང་སྒོ་རང་གིས་བརྒྱབ་པ་དང་ཁྱད་མེད། སྲུང་སྐྱོང་རིང་ལུགས་ཀྱིས་འཛམ་གླིང་གི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་གནད་དོན་ཐག་གཅོད་བྱེད་མི་ཐུབ་པར། དེ་ལས་ལྡོག་སྟེ་རྒྱལ་སྤྱིའི་ཚོང་དོན་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་རྒྱུ་རེད། ཀྲུང་ཡོ་ཕྱོགས་གཉིས་པོས་རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་དང་སྒོ་དབྱེའི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ནས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཡོའི་འབྲེལ་བ་རང་བཙན་རང་བདག་དང་མཉམ་ལས་གཉིས་ཁེའི་ཡང་དག་པའི་ལམ་བུ་བརྒྱུད་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱེད་དགོས།

    མཱ་ཁེ་ལུང་གིས་ཧྥ་ཀྲུང་གིས་མཐོ་རིམ་འགྲོ་འོང་མུ་མཐུད་ཟབ་ཏུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག་བྱེད་དགོས། ཧྥ་རན་སེ་ཕྱོགས་ཀྱིས་ཧྥ་རན་སེ་དང་ཀྲུང་གོའི་དབར་གྱི་འབྲེལ་བར་མཐོང་ཆེན་པོ་བྱེད་པ་དང་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་གྱི་ཡོད་ལ། ཧྥ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཀྱང་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་གཏོད་པ་མཐོང་འདོད་འདུག ཀྲུང་གོ་ཕྱོགས་དང་ཕན་ཚུན་མ་འཇོག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཚོང་དོན་དང་བསྐྱར་སྐྱེས་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཛའ་གྲོགས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧྥ་རན་སེ་རུ་མ་འཇོག་བྱེད་པར་ཡོང་རྒྱུར་ཧྥ་རན་སེ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ལ། དྲང་གཞག་དང་མཐོང་ཆུང་མེད་པའི་ཚོང་གཉེར་ཁོར་ཡུག་ཅིག་ཀྱང་མཁོ་འདོན་བྱེད་འདོད་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། ཡོ་རོབ་དང་ཀྲུང་གོས་སྐད་ཆ་ཤོད་རེས་ཀྱི་མཉམ་ལས་མཐའ་འཁྱོངས་བྱེད་པ་དང་ཡོ་རོབ་ཀྱིས་འཐབ་ཇུས་རང་བདག་ཡོང་བ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། འཛམ་གླིང་གི་ས་འབྲེལ་དུས་བབ་བརྟན་པོ་མེད་པ་དང་ཕྱོགས་མང་གི་སྒྲིག་ལམ་ལ་ཕོག་ཐུག་བྱུང་བའི་མདུན་དུ། ཧྥ་ཀྲུང་མཉམ་ལས་བྱེད་པ་ནི་དེ་བས་གལ་འགངས་ཆེན་པོ་ཡིན་པ་མངོན་ཡོད་ལ་མེད་དུ་མི་རུང་བ་ཞིག་ཀྱང་རེད། ཧྥ་རན་སེ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་སྟངས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྔར་བས་དོ་སྙོམས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་འཆར་ལ་རྦད་དེ་མོས་མཐུན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཆེན་པོའི་འགན་འཁྲི་མཉམ་དུ་འཁུར་བ། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ། དེ་བཞིན་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ། མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་འདོད་ཀྱང་ཡོད་ཅེས་གསུངས་པ་རེད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཞི་བདེར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། མུ་མཐུད་རང་ཉིད་ཀྱི་བྱ་ཐབས་ལ་བརྟེན་ནས་ཉེན་ཁ་ཆབ་སྲིད་ཐོག་ནས་སེལ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན། ཡོ་རོབ་རྒྱལ་ཁབ་ཀྱིས་དགོས་ངེས་ཀྱི་ནུས་པ་བཏོན་ཏེ་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་བཅས་ཀྱི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཉིང་རྡུལ་ནུས་པ་དང་། ཞིང་ལས་བཟའ་བཅའ། སློབ་གསོ། སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།