ཀྲུང་གོ་དང་ཨུ་རུ་སུས་འཐབ་ཇུས་བདེ་འཇགས་ཀྱི་གྲོས་མོལ་བྱས་པ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཕྱི་ཕྱོགས་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་2ཉིན་མོ་སི་ཁོར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཧྲའོ་དབྱི་ཀུའུ་དང་མཉམ་དུ་ཀྲུང་ཨུའི་རེས་སྐོར་ཉི་ཤུ་པའི་འཐབ་ཇུས་བདེ་འཇགས་ཀྱི་གྲོས་མོལ་གཙོ་སྐྱོང་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་བདེ་འཇགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་འབྲེལ་གཏུག་བྱས་པས། ཐུན་མོང་གི་ངོས་འཛིན་གསར་པ་བྱུང་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་བདེ་འཇགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ཏེ། ཕྱོགས་གཉིས་ཀྱི་འཐབ་ཇུས་མཐུན་སྦྱོར་སྤུས་ཚད་སྔར་བས་མཐོ་བའི་ཕྱོགས་སུ་སླེབས་པར་སྐུལ་འདེད་གཏོང་རྒྱུར་ཡོངས་སུ་མོས་མཐུན་གནང་བ་རེད།
ཝང་དབྱི་ཡིས། ད་ལོ་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ་དང་ཕྱོགས་གཉིས་ཀྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་གཙོ་རྐང་དེར་དམིགས་ནས་མཉམ་དུ་མཐོ་རིམ་འགྲོ་འོང་གལ་ཆེན་རབ་དང་རིམ་པ་བྱས་པ་རེད། ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གིས་མོ་སི་ཁོ་དང་པེ་ཅིང་དུ་ཞལ་འཛོམས་ཐེངས་གཉིས་གནང་ནས་རྙོག་འཛིང་དང་འཕོ་འགྱུར་ཆེ་བའི་དུས་བབ་ཁྲོད་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་འགྲོ་བར་སྣེ་ཁྲིད་མཛད་པ་དང་། ངེས་གཏན་མེད་པའི་འཛམ་གླིང་ཁྲོད་བློ་རྩ་བརྟན་པོས་མདུན་སྐྱོད་བྱས་ཡོད། སང་ལོ་ནི་ཀྲུང་ཨུའི་དབར་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བ་དང་ཁྱིམ་མཚེས་རྒྱལ་ཁབ་གཉིས་དབར་མཛའ་མཐུན་འབྲེལ་བའི་མཉམ་ལས་ཆིངས་ཡིག་བཞག་ནས་ལོ་25འཁོར་བའི་ལོ་ཞིག་ཡིན་ལ། དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བའི་འཕེལ་རིམ་ཁྲོད་ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཀྱང་རེད། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་དར་རྒྱས་ལ་ཞབས་འདེགས་ཞུ་བ། འཇིགས་སྐུལ་གསར་པ་དང་འགྲན་སློང་གསར་པ་རྒྱུན་ཆད་མེད་པར་ཐོན་པར་མཉམ་དུ་ཁ་གཏད་བཅག་སྟེ། འཛམ་གླིང་གི་དྲང་གཞག་དྲང་བདེན་དང་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་སྔར་བས་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།