དབུ་ཤོག
  • 2026ལོ་ནས་ལག་ལེན་བསྟར་བའི་ཁྲིམས་གསར་པ་འདི་དག་ང་ཚོ་དང་འབྲེལ་བ་ཆེ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-12-04

    གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》2026ལོའི་ཟླ་1ཚེས་1ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

    དེ་རིང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང་རྒྱལ་ཡོངས་ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོ་ཡིན་པས། ང་ཚོས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འགྱུར་ལྡོག་ཆེན་པོ་ལྔར་གཟིགས་པ་གནང་དང་། འདི་དག་ང་ཚོ་དང་འབྲེལ་བ་ཆེན་པོ་འདུག

    འགྱུར་ལྡོག་དང་པོ། 

    སློབ་གྲྭའི་ནང་ཐུབ་ཚོད་ཤོད་པ་དེ་ཁྲིམས་ལས་འགལ་བ་ཞིག་ཡིན་པ་གསལ་པོ་གསུངས་འདུག སློབ་གྲྭའི་ནང་དུ་དངུལ་འཕྲོག་པ་དང་ལུས་རྩལ་ཐང་དུ་སློབ་གྲོགས་རྡུང་བ། ཐུབ་ཚོད་ཏོག་ཙམ་ཤོད་པ་སོགས་ལའང་ཆད་པ་གཅོད་ཀྱི་འདུག གལ་ཏེ་དགེ་རྒན་དང་སློབ་སྤྱིས་གནས་ཚུལ་གསང་ནས་གོང་ཞུ་མ་བྱས་པ་དང་ཐག་གཅོད་མ་བྱས་ཚེ་འགན་འཁྲི་བདའ་འདེད་གཏོང་གི་འདུག་ལ་ཉེན་རྟོག་པ་སློབ་གྲྭར་ཡོང་ནས་ཁྲིམས་ལྟར་གྱོད་དོན་ཐག་གཅོད་བྱེད་ཀྱི་འདུག

    འགྱུར་ལྡོག་གཉིས་པ། 

    གཞན་གྱིས་སྔོན་ལ་ལག་པ་བཀྱག་པ་དང་དེ་ནས་རང་གིས་ཕར་ལ་ལན་བསློགས་ན་རྒྱག་རེས་བརྒྱབ་པའི་ཉེས་པར་བརྩི་བ་དེ་རྦད་དེ་ལོ་རྒྱུས་སུ་གྱུར་འདུག བཅའ་ཁྲིམས་གསར་པར་ལུགས་མཐུན་འགོག་སྲུང་ནི་ཁྲིམས་ལས་འགལ་བ་ཞིག་མིན་པ་དང་རྒྱ་ལམ་འགྲུལ་པར་རྐུན་མ་འཛིན་རོགས་བྱས་ན་བདེན་པའི་རྒྱབ་ལངས་ལ་བརྩི་གི་འདུག

    འགྱུར་ལྡོག་གསུམ་པ།  

    བྱིས་པ་འཚུབ་ཐེར་ཁ་ཤས་ཀྱིས་རང་ཉིད་ན་སོ་ཕྲ་བར་རློམ་ནས་ཁྲིམས་མེད་ལུགས་མེད་བྱེད་ཀྱི་ཡོད། ཡིན་ནའང་བཅའ་ཁྲིམས་གསར་པའི་ནང་གཏན་འབེབས་བྱས་དོན། ལོ་14ནས་16བར་གྱི་ཕྲུ་གུས་ལོ་གཅིག་ནང་ཁྲིམས་ལས་ཐེངས་གཉིས་འགལ་བའམ་ཡང་ན་ཐུབ་ཚོད་ངན་པ་ཐེངས་གཅིག་བཤད་ཚེ་བཀག་ཉར་བྱེད་ཀྱི་འདུག གལ་སྲིད་བཀག་ཉར་གྱི་ལོ་ཚད་མ་ལོན་ན་ཡོ་བསྲང་སློབ་གསོ་གཏོང་གི་འདུག 

    འགྱུར་ལྡོག་བཞི་པ།

    ཁྱི་ཐུ་པོ་གསོ་མཁན་གྱིས་ཡིད་གཟབ་བྱེད་དགོས་པར། ཁྱི་ལ་ཐག་པ་མ་བཏགས་པའི་སྒང་ལ་ད་དུང་གཞན་ལ་སོ་བརྒྱབ་ན། བདག་པོས་འགན་འདི་ལྟར་འཁུར་དགོས་ཀྱི་འདུག ཐག་པ་མ་བཏགས་པ་ཐེངས་དང་པོ་ཡིན་ཚེ་ཐ་ཚིག་སྒྲོག་པ་དང་། ད་དུང་ཡང་ཐག་པ་མ་བཏགས་པའམ་ཡང་ན་གཞན་ལ་སོ་བརྒྱབ་ན། ཉུང་མཐར་ཉིན་ལྔ་བཀག་ཉར་བྱེད་ཀྱི་འདུག འདི་ནི་དངུལ་གྱིས་སྐྱིན་ཚབ་འཇལ་བས་ཆོག་པ་ཞིག་མིན་པར་བཅའ་ཁྲིམས་ལྟར་ཐག་གཅོད་བྱེད་ཀྱི་འདུག

    འགྱུར་ལྡོག་ལྔ་པ།

    འཛེར་སྒྲས་མང་ཚོགས་ལ་སུན་པོ་བཟོ་བའི་ཉེས་ཚབས་ཆེན་པོ་བསགས་ཚེ་ཐད་ཀར་བཀག་ཉར་བྱེད་ཀྱི་འདུག དགོང་མོ་ཕྱི་པོ་ལའང་ཐང་ཆེན་ཞབས་བྲོ་འཁྲབ་ནས་འཛེར་སྒྲ་ཆེན་པོ་བཟོ་བ་དང་ཁྱིམ་དུ་མི་མང་པོ་འཛོམས་ནས་ཁྱིམ་མཚེས་ངལ་གསོ་རུ་མ་བཅུག་པ་མ་ཟད། ཐེངས་མ་མང་པོ་བཙལ་ཡང་མ་ཉན་པར་མུ་མཐུད་འཛེར་སྒྲ་བཟོ་མཁན་ལ། ཉིན་5ཡན་ནས་ཉིན་10མན་བར་བཀག་ཉར་བྱེད་རྒྱུ་དང་སྦྲགས་དངུལ་ཆད་སྒོར་1000མན་གཏོང་གི་འདུག 

    གཏན་འབེབས་གསར་བ་དེ་དག་གིས་བཅའ་ཁྲིམས་སྲུང་མཁན་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་ཁྲིམས་འགལ་བའི་བྱེད་སྤྱོད་ལ་ཁྲིམས་ཆད་ནན་པོ་གཅོད་ཀྱི་འདུག 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།