དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དུས་རབས་གསར་པའི“རྨ་ཆུའི་མཉམ་གཞས་ཆེན་པོ”ཡག་པོ་ལེན་པ།

    ——རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟ་ཞིབ་སྐོར་བཀོད་པ། (སྨད་ཆ)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཐེ། ཆའོ་ཏུང་། ཧྥང་མིན།   |     སྤེལ་དུས།  2025-12-04

    “ཆུ་བོ་ཆེན་པོའི་འབྱོར་ཕྱུག”ལ་མཉམ་དུ་སྐུལ་འདེད་གཏོང་བ།

    ཆུ་བོ་ཆེན་པོ་དེ་གྲམ་ཐང་ནས་བྱེ་ཐང་དང་། གྲོག་རོང་ནས་གཡང་གཟར། ཀླུང་ཐང་ནས་ཞིང་ས་གཤིན་པོ། གྲོང་ཁྱེར་ནས་གྲོང་ཚོ་བཅས་སུ་འབབ་ཀྱི་ཡོད། རྨ་ཆུ་རྒྱུག་ཁུལ་ནི་རང་རྒྱལ་གྱི་དཔལ་འབྱོར་ཁུལ་གལ་ཆེན་ཞིག་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་མི་འདྲ་བ་དང་ཐོན་ཁུངས་ཀྱི་ལེགས་ཆ་མི་འདྲ་བས་སྐྱེ་ཁམས་སྲུང་སྐྱོང་གི་གཞི་འཛིན་སའི་ཐིག་ནན་སྲུང་བྱས་རྗེས་འཕེལ་རྒྱས་ཇི་ལྟར་ཇུས་འགོད་བྱེད་དགོས་སམ།

    “རྨ་ཆུའི་རྒྱུད་ཀྱི་ས་ཁུལ་ཁག་གིས་དོན་དངོས་ལ་གཞིགས་ནས་ཆུ་འཚམ་སར་ཆུ་དང་། རི་འཚམ་སར་རི། འབྲུ་རིགས་འཚམ་སར་འབྲུ་རིགས། ཞིང་ལས་འཚམ་སར་ཞིང་ལས། བཟོ་ལས་འཚམ་སར་བཟོ་ལས། ཚོང་ལས་འཚམ་སར་ཚོང་ལས་བཅས་བྱས་ཏེ་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་བཏང་ནས“ལྗང་མདོག”རྨང་གཞིར་བྱེད་པ།

    འབྲུ་རིགས་དང་ཤ་རིགས་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་1/3ཙམ་བཟུང་བ་དང་། རྡོ་སོལ་གསོག་ཚད་ཀྱིས་རྒྱལ་ཡོངས་ཀྱི་ཕྱེད་ཀ་ཡན་ཟིན་པ་སོགས་ཞིང་འབྲོག་ལས་རིགས་ཀྱི་ཐོན་སྐྱེད་རྟེན་གཞི་དང་ནུས་རྒྱུའི་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལྗང་མདོག་ཞིང་ལས་ནས་ལྗང་མདོག་ནུས་རྒྱུའི་བར་རྨ་ཆུ་རྒྱུག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ“ལྗང་མདོག”ཕྱོགས་སུ་སྐྱོད་བཞིན་ཡོད།

    ཧྲའན་ཤིས་ཡུས་ལིན་གྲོང་ཁྱེར་གྱི་ཡུས་ཧྲེན་བཟོ་ལས་གླིང་ཁུལ་ནས་ཐཱན་སྐྱུར་ཀ་གཉིས་ཞག་བྱུར་བུར་བླུགས་པའི་གཤེར་འདྲེན་རླངས་འཁོར་ཞིག་དལ་གྱིས་ཐོན་འགོ་ཚུགས། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་རྫས་ཐད་སྤྱོད་པའི་རྩེར་སོན་རྫས་འགྱུར་ཐོན་རྫས་དེ་རིགས་ནི་ས་གནས་དེ་གས“རྡོ་སོལ་རྫས་འགྱུར་གྱི་རྒྱུ་ཆར”རིམ་སྤོར་བྱེད་པ་སྟེ། རྡོ་སོལ་བསྔོགས་ནས་འཚོང་བ་དང་རྡོ་སོལ་བསྲེགས་ནས་གློག་འདོན་པ་ཙམ་མ་ཡིན་པར་རྡོ་སོལ་དེ་གཤེར་གཟུགས་ཀྱི་སྣུམ་དང་རྡོ་སོལ་རྨང་གཞིར་བྱས་པའི་རྩེར་སོན་རྫས་འགྱུར་ཐོན་རྫས་སུ་བསྒྱུར་བར་དམིགས་ནས་བྱུང་བ་ཞིག་ཡིན་པ་དང་། ད་ཆའི་ཡུས་ལིན་ནི་ནུས་རྒྱུ་གསར་བརྗེའི་གསར་གཏོད་དཔེ་སྟོན་ཁུལ་དུ་འགྱུར་བཞིན་ཡོད།

    རྡོ་སོལ་དང་། སྣུམ། སོལ་རླངས་བཅས་ཕུད། ད་དུང་མཛེས་ལྗོངས་ཆུ་བོའང་ཡོད། མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དོལ་ཐང་འོད་ཤུགས་ཐོན་ལས་གླིང་དུ་འོད་ཤུགས་ཤེལ་ལེབ་སྒོར་དབྱིབས་རྣམ་པ་ཞིག་ཏུ་བསྒྲིགས་ཡོད་པ་དང་། ལོའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་180ཟིན་གྱི་ཡོད་པ་དེ་ཉིང་རྡུལ་གློག་གི་འཕྲུལ་ཚན་གཉིས་ཀྱི་ལོ་ཧྲིལ་པོའི་གློག་གཏོང་ཚད་དང་འདྲ་པོ་ཡོད། ཉིང་ཞ་ཀྲུང་ཝེ་གྲོང་ཁྱེར་གྱི་རྨ་ཆུའི་འགྲམ་ངོགས་སུ་ཀྲོང་ངེར་གནས་པའི་རླུང་འཁོར་གྱིས་ཤང་དང་གྲོང་ཚོ་མང་པོར་གློག་མཁོ་འདོན་བྱེད་བཞིན་ཡོད་པ་དང་། ཧྲན་ཏུང་ཏུང་དབྱིང་གྲོང་ཁྱེར་གྱི་ཆན་ཝ་ཁྲི་100ཟིན་པའི་མཚོ་ཐོག་འོད་ཤུགས་རྣམ་གྲངས་ནི་མཚོ་ཐོག་གི་ལྗང་མདོག་ཞིང་ས་ཞིག་དང་འདྲ་བ་སོགས“ནུས་རྒྱུ་ཁུལ”གྱི་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད།

    མི་རྩ་བར་འཛིན་པ་དང་དམངས་འཚོ་སྔོན་འཇོག་གིས་བརྩེ་བའི་རང་མདངས་མངོན་པར་བྱེད་པ།

    ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཆུས་ཧུང་སི་པའོ་གྲོང་རྡལ་ཧུང་ཏེ་གྲོང་ཚོའི་གསོ་ཚགས་རྟེན་གཞི་དང་། ཐོན་སྐྱེད་འཁོར་ཁང་། ཞིང་ནང་དང་མུ་ཁ་བཅས་ཕྱོགས་གང་ས་ནས་གྲོང་མི་ཚོ་ལས་ལ་བྲེལ་བའི་གཟུགས་བརྙན་དང་བདེ་སྐྱིད་ཀྱི་འཛུམ་མདངས་མཐོང་ཐུབ།

    ཧོ་ནན་ཁྲང་ཡོན་གྲོང་ཁྱེར་ལུའུ་ཀང་ཤང་ཤིས་ཁྲེན་གྲོང་ཚོ་ནི་དཔེ་མཚོན་གྱི་རྨ་ཆུའི་གྲམ་ཐང་ཁུལ་ཞིག་ཡིན་ཞིང་། དེ་གོང་རྨ་ཆུ་རྒྱས་སྐབས་ཁང་ཁྱིམ་བསྣུབ་པའི་ཉེན་ཁ་ཡོད། ད་ཆ་ལམ་ངོས་མཁྲེགས་འགྱུར་བྱས་པ་མ་ཟད། ས་འོག་སྦུག་དྲ་དང་བཙོག་ཆུ་གཙང་གསིང་ས་ཚིགས་ཀྱང་བསྐྲུན་ཡོད།

    ཧྲན་ཏུང་ཏུང་དབྱིང་གྲོང་ཁྱེར་ཁེན་ལི་ཆུས་ཏུང་ཅི་གྲོང་རྡལ་དབྱང་མའོ་སྡེ་ཁུལ་དུ་ཐོག་ཁང་གྲལ་སྟར་འགྲིག་ལ། ཨར་འདམ་ལམ་གྱི་ངོགས་གཉིས་སུ་སྔོ་ལྗང་གིས་བཀླུབས་པ་དང་། གནས་དེར་ཏང་དང་མང་ཚོགས་ཀྱི་བྱེད་སྒོའི་ལྟེ་གནས་དང་། བུ་བཅོལ་ཁང་། འཕྲོད་བསྟེན་ཁང་སོགས་གང་དགོས་ཚང་མ་འཛོམས་ཡོད།

    གྲོང་རྡལ་ཆུང་ངུ་གསུམ་ལས་རྨ་ཆུའི་རྒྱུད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་མངོན་ཡོད། དེ་གོང་རྨ་ཆུ་དལ་གྱིས་འབབ་རྒྱུ་ནི་རེ་འདུན་ཆེ་ཤོས་ཡིན་ཡང་། ད་ཆ་རེ་འདུན་དེ་སྔར་བས་ཆེ་རུ་ཕྱིན་ཏེ་འཚོ་བ་སྔར་བས་ཡག་ཏུ་འགྲོ་རྒྱུར་བརྩོན་ལེན་བྱེད་བཞིན་ཡོད། 1939ལོར་ཡན་ཨན་གྱི་ས་ཕུག་ནས་བརྩམས་པའི《རྨ་ཆུའི་མཉམ་གཞས་ཆེན་པོ》ཞེས་པ་དེར་ཧྲན་ཤིས་ཀྱི་དམངས་གཞས་དང་། ཧྲའན་པེའི་རོལ་དབྱངས། གྲུ་པའི་གླུ་གཞས་སོགས་ཀྱི་དབྱངས་རྟ་གཅིག་ཏུ་འདུས་ནས་དུས་རབས་ཀྱི་ཉམས་མེད་གླུ་སྒྲར་གྱུར། ད་ཆ་སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་གྱིས་བཅོས་སྐྱོང་ཆེན་པོར་མཉམ་དུ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་འགྱུར་བར་སྐུལ་འདེད་བཏང་བས། དུས་རབས་གསར་པའི“རྨ་ཆུའི་མཉམ་གཞས་ཆེན་པོ”རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་རོལ་དབྱངས་ནང་འདུས་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།