“གླེང་མོལ་ཁྲོད་མཛའ་གྲོགས་ཟབ་ཏུ་འགྲོ་བཞིན་ཡོད”
——འཇར་མན་གྱི་པ་ཧྥ་ལི་ཡ་ཀྲོའུ་ཏི་ཐེ་ཧྥུ་ཐེ་གྲོང་ཁྱེར་གྱི་ཧྲི་ཀྲང་པེ་ཨེན་ཏེ·མའེ་ཨར་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ།
ཉེ་ཆར། འཇར་མན་ཏི་ཐེ་ཧྥུ་ཐེ་གྲོང་ཁྱེར་གྱི་ཧྲི་ཀྲང་པེ་ཨེན་ཏེ·མའེ་ཨར་ཀྲུང་གོར་ཡོང་ནས“2025ལོའི་འཛམ་གླིང་གི་ཧྲི་ཀྲང་གླེང་མོལ·ནན་ཅིང”ཞེས་པའི་བྱེད་སྒོར་ཞུགས་པ་རེད། ད་རེས་ཀྲུང་གོར་འཚམས་འདྲིར་ཕེབས་སྐབས་མའེ་ཨར་གྱིས་ཏི་ཐེ་ཧྥུ་ཐེ་གྲོང་ཁྱེར་གྱི་ཚབ་ཞུས་ཏེ“དོན་སྙིང་ཆེན་པོ་ལྡན་པའི་གྲོས་མཐུན་ཞིག”ལ་མིང་རྟགས་བཀོད་པ་སྟེ། ནན་ཅིང་གི་ཡུས་ཧྭ་ཐའེ་ཆུས་དབར་མཛའ་མཐུན་གྲོང་ཁུལ་གྱི་འབྲེལ་བ་དངོས་སུ་བཙུགས་ནས་ཡུལ་ལུང་གཉིས་ཀྱི་མཛའ་བརྩེ་ཟབ་མོ་རྒྱུན་འཛིན་ཐུབ་ཡོད། ཁོང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། མི་སྣ་འགྲོ་འོང་བརྒྱུད་ཡོ་རོབ་ཀྱི་དམངས་ཚོགས་དེ་བས་མང་བས་ལྟ་སྟངས་གསར་རྐྱང་གི་ཐོག་ནས་ཀྲུང་གོ་ངོ་མ་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
འཇར་མན་གྱི་པ་ཧྥ་ལི་ཡ་ཀྲོའུ་རུ་གནས་པའི་ཏི་ཐེ་ཧྥུ་ཐེ་ནི་པ་ཧྥ་ལི་ཡ་འདི་ཉིད“ཀྲུང་གོའི་གྲོང་རྡལ་ཆུང་བ”ཞེས་པར་བརྟེན་ནས་སྐད་གྲགས་ཆོད་ཡོད། ལོ་རེའི་ཟླ་2པར་ཏི་ཐེ་ཧྥུ་ཐེས“ཀྲུང་གོའི་རབ་མྱོས་དུས་ཆེན”གཉེར་གྱི་ཡོད་ཅིང་། ལོ་ངོ་བརྒྱའི་རིང་རྒྱུན་འཛིན་བྱས་པའི་དུས་ཆེན་དེ་ནི་ད་ཆ་ཏི་ཐེ་ཧྥུ་ཐེའི་ཐུན་མོང་མ་ཡིན་པའི་གྲོང་ཁྱེར་གྱི་མིང་བྱང་དུ་གྱུར་ནས་པ་ཧྥ་ལི་ཡ་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་ནང་བཅུག་པ་དང་ཡུལ་སྐོར་བ་མང་པོ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། 2015ལོ་ནས་བཟུང་ནན་ཅིང་དང་ཏི་ཐེ་ཧྥུ་ཐེ་དབར་འཐུས་མི་ཚོགས་པ་མངགས་ནས་འཚམས་འདྲི་བྱེད་པ་དང་དྲ་ཐོག་སྤེལ་རེས་སོགས་རྣམ་པ་སྣ་ཚོགས་བརྒྱུད་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱས་ཡོད།
ད་རེས་འཚམས་འདྲི་གནང་རིང་། མའེ་ཨར་གྱིས་ནན་ཅིང་ཏ་པའོ་ཨེན་དགོན་གྱི་རྗེས་ཤུལ་རྟེན་མཛོད་ཁང་དང་། ནན་ཅིང་མཁར་གྱང་རྟེན་མཛོད་ཁང་། ཀྲུང་ཧྭ་མེན་ཝང་གྲོང་སོགས་ལོ་རྒྱུས་རིག་གནས་ཀྱི་ས་ཁམས་མཚོན་རྟགས་ལ་ལྟ་སྐོར་གནང་བ་རེད། ཁོང་གིས། ཀྲུང་གོས་ལོ་རྒྱུས་རིག་གནས་ཤུལ་བཞག་དེང་རབས་ཀྱི་འཚོ་བའི་ནང་མཉམ་འདྲེས་གང་ལེགས་བྱས་ནས་སྲུང་སྐྱོང་བྱེད་རིང་རྒྱུན་འཛིན་དང་རྒྱུན་འཛིན་བྱེད་རིང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་པར་བརྟེན་གྲོང་མིའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐངས་ཡོད། “ལོ་རྒྱུས་ལ་ཐོག་མཐའ་བར་གསུམ་དུ་རིན་ཐང་གལ་ཆེན་ལྡན་པ་དང་། གནའ་བོའི་འཛུགས་སྐྲུན་ཡིན་ནའང་འདྲ། ཡང་ན་སྲོལ་རྒྱུན་གྱི་གོམས་སྲོལ་གང་ཞིག་ཡིན་རུང་། དེ་དག་ཚང་མར་དུང་སེམས་ཆེན་པོས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་དགོས། དེང་གི་དུས་འདི་ཇི་ལྟར་བྱུང་བའི་ལོ་རྒྱུས་ལ་རྒྱུས་ལོན་བྱས་ན་ད་གཟོད་འབྱུང་འགྱུར་དེ་བས་ལེགས་པའི་སྒོ་ནས་གཏོད་ཐུབ”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།