ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་སྲོལ་རྒྱུན་གྱི་གསོ་རིག་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་བ།

འདི་ནི་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཚོགས་ཆེན་གྱི་ཀྲུང་ལུགས་གསོ་རིག་ཉམས་ལེན་ཁུལ་དུ་དབྱིན་ཇི་ནས་ཡོང་བའི་ཚོགས་ཞུགས་སྐུ་མགྲོན(མདུན)ཞིག་གིས་ཀྲུང་ལུགས་གསོ་རིག་གི་དངོས་ལུགས་གསོ་བཅོས་ཉམས་ལེན་བྱེད་བཞིན་པ།
ཉེ་ཆར་རྒྱལ་སྤྱིའི་རྩ་ལམ་ནད་ཀྱི་རིག་གཞུང་ཚོགས་ཆེན་གྱི་ཕྱི་རྒྱལ་གྱི་གླེང་སྟེགས་སྐབས་ཉེར་གཅིག་པ་ཝེ་ཐེ་ནམ་གྱི་ཧ་ནོ་དབྱི་རུ་གཉེར་བ་དང་། ཀྲུང་ཝེའི་སྨན་བཅོས་རིགས་གཅིག་མཁས་ཅན་མཉམ་དུ་འཛོམས་ནས་སྲོལ་རྒྱུན་གྱི་གསོ་རིག་ཁྱབ་ཁོངས་མཉམ་ལས་སྐོར་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཀུང་ཚན་ཨུ་གོ་ཆོན་གྱིས་སྤྱི་པའི་འཕྲོད་བསྟེན་ནི་ཚན་ཞིབ་ཁྱབ་ཁོངས་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཡིན་པའི་སྲོལ་རྒྱུན་གསོ་བ་རིག་པ་དེ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་རྒྱུན་འཛིན་དང་འཕེལ་རྒྱས་རྒྱ་ཁྱབ་བྱུང་བ་དང་། དེ་བས་ཀྲུང་ཝེའི་གསོ་རིག་མཉམ་ལས་ཀྱི་འབྲེལ་ཟམ་གལ་ཆེན་དུ་གྱུར་ཡོད་ཅེས་བརྗོད། ཁོང་གིས་ཀྲུང་ཝེ་རྒྱལ་ཁབ་གཉིས་པོས་སྲོལ་རྒྱུན་གྱི་གསོ་རིག་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་པས་ནད་ཡམས་འགོག་བཅོས་ཁྲོད་ཀྱི་སྲོལ་རྒྱུན་གསོ་རིག་གི་ཐུན་མོང་མ་ཡིན་པའི་རིན་ཐང་ཉིན་བཞིན་མངོན་ཐོག སྲོལ་རྒྱུན་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཡིན་པ་མ་ཟད་དེང་དུས་གསོ་རིག་གི་གྲུབ་འབྲས་ཀྱང་བསྡུ་ལེན་བྱས་ཡོད་ཅེས་བརྗོད་པ་རེད།
ཝེ་ཐེ་ནམ་གྱི་སྲོལ་རྒྱུན་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཏོན་ཀོང་ཧུའེ་ཡིས་ད་ཆ་ཝེ་ཐེ་ནམ་གྱི་སྲོལ་རྒྱུན་གསོ་རིག་ལ་གསོ་རིག་མ་ལག་གཞན་དག་དང་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱེད་པའི་གོ་སྐབས་བྱུང་ནས་སྲོལ་རྒྱུན་གྱི་གསོ་རིག་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་རེད།
2024ལོའི་ཟླ་བརྒྱད་པར་ཝེ་ཐེ་ནམ་འཕྲོད་བསྟེན་པུའུ་དང་ཀྲུང་གོའི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་དབར་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་དེ། ཆ་འཕྲིན་སྤེལ་རེས་དང་ཉམས་མྱོང་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་སྲོལ་རྒྱུན་གསོ་རིག་གི་སྨན་བཅོས་དང་། སློབ་གསོ། ཚན་ཞིབ། རིག་གནས་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཁས་ལེན་བྱས་པ་རེད།
—— ཝེ་ཐེ་ནམ་འཕྲིན་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།