ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་ལས་འཛམ་གླིང་ལ་གདེང་ཚོད་སྣོན་རྒྱུ་ཡིན་པ།
“ཀྲུང་གོའི‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་གྲོས་འགོའི་ནང་། འཕེལ་རྒྱས་ཀྱི་གོ་སྐབས་གང་དང་གང་ཡོད་དམ” “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོ་ཁྱབ་བསྒྲགས་བྱས་ཚུན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་གསར་འཕར་ཕྱོཌ་སུ་སྐྱོད་པ་དང་སྟོབས་ཤུགས་གཅིག་སྡུད་བྱེད་ཤུགས་ཆེ་རུ་ཕྱིན་པར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། “ཐཱན་གཉིས”དང་། མི་ཐབས་རིག་ནུས། ཐོན་སྐྱེད་ནུས་ཤུགས་གསར་མ་སོགས་ནི་ཕྱོགས་ཁག་གིས་ཀྲུང་གོའི་གོ་སྐབས་ཤེས་རྟོགས་བྱེད་པའི་འགག་རྩའི་མིང་ཚིག་ཏུ་གྱུར་ཡོད། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་ལས་འཛམ་གླིང་ལ་གདེང་ཚོད་དང་དྲང་ནུས་བསྣན་དང་སྣོན་བཞིན་ཡོད།
ཉེ་དུས་ཀའོ་ཧྲེང་དང་། འཇར་མན་དངུལ་ཁང་། མོ་ཀེན་ཧྲི་ཏན་ལི་སོགས་ཕྱི་དངུལ་སྒྲིག་གཞིས་ཀྲུང་གོའི་དཔལ་འབྱོར་མུ་མཐུད་འཕར་རྒྱུ་ཡིན་པ་སྔོན་དཔག་བྱས་ཡོད། འཛམ་གླིང་ལ་རྒྱང་ལྟ་བྱེད་སྐབས་ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་གི་དཔལ་འབྱོར་འཕར་བརྟན་ལ་བློས་འགེལ་ཆོག་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཤིག་ཡིན་ཞིང་། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་གོང་མའི་དུས་མཚུངས་ལས་5.2%འཕར་བ་དང་ལོ་ཧྲིལ་པོར་ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་140ཙམ་ཟིན་ཏེ། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པའི་གནས་བབ་བརྟན་དུ་དང་མཐོ་རུ་འགྲོ་རྒྱུ་རེད། དཔལ་འབྱོར་འཕར་བར་བྱེད་པའི་སྒུལ་ཤུགས་གཙོ་བོ་ཡིན་པའི་འཛད་སྤྱོད་ཀྱི་ནུས་པ་སྔར་ལས་འབུར་དུ་ཐོན་པ་དང་། བཟོ་སྐྲུན་ལས་རིགས་ལ་མ་དངུལ་འཇོག་ཚད་མཐོ་རུ་མགྱོགས་མྱུར་ཕྱིན་པ། ཁྲོམ་ར་སྣ་མང་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་ཐེབས་པ། རྒྱལ་སྤྱིའི་ཁྲོམ་རའི་བཀོད་པ་མུ་མཐུད་ལེགས་སུ་ཕྱིན་ཏེ། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་གཞི་རྩ་ཐུན་མོང་ཐོག་བརྟན་དུ་བཏང་ཡོད། ཧིན་རྡུ་ཉི་ཞི་ཡའི་ཚོང་ལས་དང་དཔལ་འབྱོར་ཞིབ་འཇུག་ཁང་གི་མཐོ་རིམ་ཞིབ་འཇུག་པ་ཧྥ་ཅར·ཤིས་ལཱ་དབན་གྱིས་ངོས་འཛིན་བྱས་དོན། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཆ་དེ་བརྟན་པོའི་ངང་འཕར་བ་དང་དེ་བས་སྐྱོན་བྲལ་གྱི་དཔལ་འབྱོར་གྲུབ་ཆ་ནས་མངོན་གྱི་ཡོད། “གཙོ་གནད་གཉིས”དང“གསར་གཉིས”ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱ་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་བ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་གཅིག་འགྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་རྒྱུར་སླར་ཡང་སྒུལ་ཤུགས་བསྣན་ཡོད།
མིག་སྔར་ཐོན་སྐྱེད་ནུས་ཤུགས་གསར་མས་ཀྲུང་གོའི་དཔལ་འབྱོར་འཕར་བའི་རྣམ་པ་མགྱོགས་མྱུར་སླར་གསོ་བྱེད་པ་དེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་གལ་ཆེན་དུ་གྱུར་ཡོད། གྲངས་འཛིན་ལག་རྩལ་དང་། མི་ཐབས་རིག་ནུས། ལྗང་མདོག་ཐོན་ལས་སོགས་འགག་རྩའི་ཁྱབ་ཁོངས་སུ་འཕེལ་རྒྱས་བྱུང་བའི་ཀྲུང་གོའི་གྲུབ་འབྲས་མངོན་གསལ་དོད་ཅིང་། རླུང་གློག་དང་འོད་ཤུགས་གློག་གཏོང་འཕྲུལ་འཁོར་གྱི་གློག་གཏོང་གཞི་ཁྱོན་ཆན་ཝ་དུང་ཕྱུར་16.9ལས་བརྒལ་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཟླ་རེར་ཁྱབ་ཚད་50%ལས་ཐོག་མར་བརྒལ་བ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། གོ་ལ་ཧྲིལ་པོར་གསར་གཏོད་ཁྱུ་ཚོགས་སྟོབས་ཆེན་བརྒྱ་ཡོད་པའི་ནང་ནས་ཀྲུང་གོར་24ཡོད་པ་དེ་ལོ་3བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་དང་། ཁེ་ལས་རྭ་གཅིག་མའི་གྲངས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པ། གསར་གཏོད་ཀྱི་སྐྱེ་ཁམས་མ་ལག་ཡག་པོས་གསར་དར་ཚན་རྩལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་རམ་འདེགས་དང་གཞན་སྒྱུར་བྱས་པ་བཅས་ནི་ཉེ་བའི་ལོ་ཤས་རིང་གསར་གཏོད་ནུས་པ་ཆེ་རུ་འགྲོ་མགྱོགས་ཤོས་ཀྱི་དཔལ་འབྱོར་དངོས་ཚན་གྱི་གྲས་ཤིག་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ནང་བརྟག་དཔྱད་ཡོ་བྱད་དང་། སྔོན་ཐོན་རྒྱུ་ཆ། སྐྱེ་དངོས་བཟོ་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་སྔོན་དཔག་བཀོད་སྒྲིག་བྱས་ཤིང་། “གསར་གཏོད་ནུས་པ”དེ་ཀྲུང་གོའི་དཔལ་འབྱོར་གྱིས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་བ་གཏོང་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སུ་གཏོང་བ། འཕར་སྣོན་སྒུལ་ཤུགས་བརྗེ་སྒྱུར་བཅས་བྱེད་པའི་འགག་རྩའི་སྟོབས་ཤུགས་སུ་སྔར་བས་འགྱུར་རྒྱུ་རེད། སི་ཕེན་གྱི་དཔལ་འབྱོར་རིག་པ་མཁས་ཅན་ཕེ་ཏེ་ལུའོ·པཱ་ལཱ་ཀན་གྱིས་ངོས་འཛིན་བྱས་པར། ཀྲུང་གོའི་དཔལ་འབྱོར་དེ་གནད་སྨིན་འཐུས་ཚང་གི་དུས་མཚམས་སུ་སླེབས་པ་མ་ཟད། མི་གཙོ་བོར་འཛིན་པ་དང་། སྔར་བས་དོ་སྙོམས། གསར་གཏོད་དང་ལྗང་མདོག་ལ་སྣང་ཆེན་བཅས་ཀྱི་འཕེལ་རྣམ་ཕྱོགས་སུ་བསྒྱུར་ཐབས་བྱེད་བཞིན་ཡོད།
བརྟན་པོའི་ངང་འཕར་བའི་འཕེལ་ཕྱོགས་དང་། ཤུགས་དྲག་ཆེ་བའི་གསར་གཏོད་ཀྱི་སྒུལ་ནུས། ཤིན་ཏུ་ཡངས་པའི་བློ་རྒྱ་བཅས་ཀྱིས་ཀྲུང་གོའི་དཔལ་འབྱོར་གྱི་གྲུ་ཆེན་འདི་རླུང་བརྟེན་རླབས་གཤག་དང་མུ་མཐུད་མདུན་སྐྱོད་བྱེད་པར་སྐུལ་འདེད་ཐེབས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་བརྩམ་རྒྱུར་རྨང་གཞི་ཡག་པོ་འདིང་བཞིན་ཡོད། གོམ་ཞེང་ཆེན་པོས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རིམ་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་དར་རྒྱས་ཡོང་བར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།