དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་2025ལོའི་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-04

    ཟླ་12ཚེས་1ཉིན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་2025ལོའི་བགྲོ་གླེང་ཚོགས་འདུ་ཕུའུ་ཅན་གྱི་ཞ་མོན་དུ་འཚོགས་པ་རེད། བགྲོ་གླེང་ཚོགས་འདུར“ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་དང་གསར་པ་ཐོབ་པར་སྐུལ་འདེད་ཧུར་ཐག་གཏོང་དགོས”པ་བརྗོད་དོན་གཙོ་བོར་བྱས་ནས་བགྲོ་གླེང་དང་སྤེལ་རེས་བྱས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ལ་སྒྱུར་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐོར་བགྲོ་གླེང་ལྷུག་པོར་བྱས་པ་རེད།

    སྐྱེ་ཁམས་ཁོར་ཡུག་པུའི་ཏང་ཙུའི་ཧྲུའུ་ཅི་སུན་ཅིན་ལུང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་ཚང་མར་ལོ་རྒྱུས་རང་བཞིན་དང་། ཕྱོགས་འགྱུར་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཞིང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ལྗང་མདོག་དང་ཐཱན་ཉུང་གི་ཕྱོགས་སྒྱུར་གོམ་སྟབས་མགྱོགས་སུ་ཕྱིན་པ། སྐྱེ་ཁམས་མ་ལག་གི་སྤུས་ཚད་ལེགས་སུ་བརྟན་པོ་ཕྱིན་པ། སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། གོ་ལ་ཧྲིལ་པོའི་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་ལ་ལེགས་སྐྱེས་མུ་མཐུད་མངོན་གསལ་དོད་པོ་ཕུལ་བ་བཅས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་གོམ་སྟབས་གལ་ཆེན་སྤོ་ཐུབ་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བསམ་བློའི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། དམངས་ཆེད་ཁོར་ཡུག་སྲུང་སྐྱོང་མཐའ་འཁྱོངས་བྱས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་དགོས།“ཐཱན་གཉིས”ཀྱི་སྣེ་འདྲེན་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ནས་ལྗང་མདོག་གཞན་སྒྱུར་མགྱོགས་སུ་གཏོང་དགོས། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་རྣམ་གསར་པ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།