རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འཐུས་མིའི་གྲོས་འགོ་ཁག་9160ཚང་མ་སྒྲུབ་གཉེར་ཟིན་པ།
གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་རིང་འཐུས་མི་ཚོས་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར་ཕྱོགས་ཁག་གི་ལས་དོན་ལ་བཏོན་པའི་གྲོས་འགོ་ཁག་9160སྒྲུབ་འགན་འཁུར་མཁན་སྡེ་ཚན་211ལ་ཞིབ་འཇུག་དང་སྒྲུབ་གཉེར་བྱ་རྒྱུར་རྩིས་སྤྲད་ཡོད། མིག་སྔའི་བར་འཐུས་མིས་བཏོན་པའི་གྲོས་འགོ་ཚང་མ་སྒྲུབ་གཉེར་ཟིན་པ་མ་ཟད། འཐུས་མིར་ལན་ཡང་བཏབ་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འཐུས་མིས་བཏོན་པའི་གྲོས་འགོར་ཁྱད་ཆོས་3ཡོད་པ་སྟེ། གཅིག་ནི་ལྟེ་བའི་ལས་དོན་ལ་དམིགས་པ་དཔེར་ན། “འཕེལ་རྒྱས་ཀྱི་འཆར་འགོད་དང་ཕྱོགས་བསྡུས་དཔལ་འབྱོར”དང་འབྲེལ་བ་ཡོད་པའི་གྲོས་འགོ་ཁག་1370ཟིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བའི་གྲོས་འགོ་ཁག་2481ཟིན་ཡོད། གཉིས་ནི་དོ་ཁུར་ཆེ་བའི་དམངས་འཚོའི་གནད་དོན་ལ་དམིགས་ཏེ་ཞིང་པ་དང་བཟོ་པ་སོགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་ནས་ཡོང་བའི་འཐུས་མིས་ཁྱོན་བསྡོམས་གྲོས་འགོ་ཁག་5572བཏོན་པ་དེས་60.8%བཟུང་ཡོད། གསུམ་ནི་བརྟག་ཞིབ་གཏིང་ཟབ་བྱས་ཏེ་ཆེད་ལས་ཀྱི་ཁྱད་ཆོས་མངོན་ཞིང་། འཐུས་མི་ཚོས་བརྟག་ཞིབ་གཟིགས་ཞིབ་དང་བཞུགས་མོལ་བཅར་འདྲི་སོགས་ཀྱི་རྨང་གཞིའི་ཐོག་བཏོན་པའི་གྲོས་འགོས་70%ཙམ་བཟུང་བ་དང་། ཆེད་ལས་ཁྱབ་ཁོངས་དང་རང་འཁྲིའི་ལས་དོན་དང་ཟུང་འབྲེལ་བྱས་ནས་བཏོན་པའི་གྲོས་འགོས་40%ཙམ་བཟུང་ཡོད་པ་བཅས་རེད།
ད་ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་གནད་སྒྲུབ་སྐུལ་གྲོས་འགོ་ཁག་23གཏན་འཁེལ་བྱས་པ་དེ་ཞིབ་ཕྲའི་གྲོས་འགོ་ཁག་231དང་འབྲེལ་བ་ཡོད་པ་དང་། སྒྲུབ་འགན་འཁུར་མཁན་སྡེ་ཚན་20ལ་བསྒྲུབ་རྒྱུར་རྩིས་སྤྲད་པས་འཐུས་མི་ཚོགས་པ་35དང་ཆེད་དོན་ཨུ་ཡོན་ལྷན་ཁང་10ལ་ཐོག་མར་ཁྱབ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་དང་། ནོར་སྲིད་དཔལ་འབྱོར་ཨུ་ལྷན། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་སོགས་སྒྲུབ་སྐུལ་སྡེ་ཚན་གྱིས་སྒྲུབ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་སྡེ་ཚན་ལ་སྒྲུབ་གཉེར་ཏན་ཏིག་བྱེད་པར་སྐུལ་འདེད་བཏང་བ་མ་ཟད། དམིགས་ས་ཡོད་པའི་སྒོ་ནས་གཙོ་གནད་གྲོས་འགོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྱོང་ཨུ་ལྷན་གྱིས་གཙོ་གནད་སྒྲུབ་སྐུལ་གྲོས་འགོའི་སྒྲུབ་སྐུལ་ལས་དོན་ལ་བརྟེན་ནས་སྒྲུབ་འགན་འཁུར་མཁན་སྡེ་ཚན་གྱིས་ལམ་ལུགས་འཐུས་སྒོ་ཚང་དུ་དང་ལས་དོན་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། འཕྲལ་སྡོམ་དོ་དམ་པུས་སྣེ་ཁྲིད་དེ《འཕྲལ་སྡོམ་ཉེན་སེལ་རྒུད་སྐྱོབ་དངོས་ཟོག་གྲབས་གསོག་མཛོད་འཛུགས་སྐྲུན་དང་དོ་དམ་གྱི་ཚད་གཞི》བཟོ་བཅོས་བརྒྱབ་པ་དང་། དམངས་སྲིད་པུས་ནོར་སྲིད་མ་དངུལ་བརྩོན་ལེན་བྱས་ནས་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ནུས་ཤོར་རྒན་རྒོན་སོགས་ལ་གཅིག་སྡུད་ལྟ་སྐྱོང་བྱས་ཏེ་འགན་སྲུང་ཁྱབ་ཁོངས་ཆེ་རུ་བཏང་ཡོད། མི་སྤྱི་པུས་ལས་རིགས་ཀྱི་གནོད་འཚེ་འགན་སྲུང་ཚོད་ལྟ་བྱེད་རྒྱ་ཆེ་རུ་བཏང་ནས་ལས་ཞུགས་རྣམ་པ་གསར་པའི་མི་སྣ་ཁྲི་2300ལྷག་ཙམ་འགན་བཅོལ་ལ་ཞུགས་པས་ཤི་རྨས་དོན་རྐྱེན་ཚབས་ཆེན་གྱི་ཐ་སྐྱོང་འགན་སྲུང་བྱེད་ནུས་གང་ལེགས་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།