དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཏུང་གིས་ཚན་རྩལ་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཧུའུ་ཅན་དང་། ཧོ་ལིང་ཕིང་། ཅང་ཞའོ་ཏན།   |     སྤེལ་དུས།  2025-12-04

    རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་དཔལ་འབར་བརྒྱུད་སྤྲོད་བྱ་ཡུལ་དུ། གཡོད་ཅུས(ཧྲེན་ཀྲེན)འཕྲུལ་མིའི་ལག་རྩལ་ཚད་ཡོད་ཀུང་སིས་ཞིབ་སྤེལ་བྱས་པའི་མི་གཟུགས་འཕྲུལ་མི“ཁོའོ་ཧྥུའུ”ནི་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་ཞིག་ཡིན་པའི་ངོས་ནས་ཚོད་འཛིན་དང་རྒྱུག་རོགས་མེད་པར་རང་བརྟེན་བརྒྱུད་སྤྲོད་ལེགས་གྲུབ་བྱུང་བ་དང་། འགོ་ཚུགས་མཛད་སྒོའི་ཐོག་ཡིའུ་པི་ཤོན་མི་གཟུགས་འཕྲུལ་མི་3གྱིས་གཡས་གཞོགས་གཡོན་འདེགས་ཡག་པོ་བྱས་ཏེ“ལི་མའི་རོལ་ཆ་ཀུའོ་ཏེའོ”དཀྲོལ་བ་རེད།

    ཁོ་ཚོ་ཚང་མ་ཀོང་ཏུང་ཧྲེན་ཀྲེན་གྱི“འཕྲུལ་མིའི་གྲོང”ནས་ཡོང་བ་དང་དེ་གར་འཕྲུལ་མིའི་ཁེ་ལས་བརྒྱ་ལྷག་ཙམ་དང་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་10ཙམ་འདུས་ཤིང་། མཐོ་སློབ་ཀྱི་ཚོད་ལྟ་ཁང་དང་བཟོ་གྲྭའི་ཐོན་སྐྱེད་སྒྲུབ་རིམ་དབར་སྲང་ལམ་གཅིག་ལས་ཆོད་མེད།“སྟེང་འོག”ཚང་མ་ནི་ཐོན་ལས་འཁོར་འབྲེལ་གྱི་སྟེང་འོག་ཡིན་པས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱུང་ཡོད།

    2023ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས“ཁེ་ལས་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མ་དངུལ་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་གཏོད་དགོས”ཞེས་ནན་བཤད་གནང་ཡོད། 2025ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས“ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་དམིགས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས”ཞེས་བསྟན་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཀོང་ཏུང་གིས་ལམ་ལུགས་གསར་གཏོད་ལ་བརྟེན་ནས་ལས་སྟེགས་བསྐྲུན་པ་དང་། སྐྱེ་ཁམས་འཛུགས་སྐྱོང་། ཁོར་ཡུག་ལེགས་སུ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་སྣོན་བརྒྱབ་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད།

    གསར་གཏོད་ཀྱི་ལས་སྟེགས་བསྐྲུན་ནས་ཐོན་སྐྱེད་དང་ཞིབ་འཇུག་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ།

    རྒྱལ་ཁབ་གསར་གཏོད་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་གསར་གཏོད་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཧོ་ཅ་ཧྭ་ཡིས“རྩེར་སོན་གྱི་སྨན་བཅོས་ཡོ་བྱད་ལས་རིགས་དེ་རིག་ཚན་མང་པོ་དང་འབྲེལ་བ་ཡོད་པ་དང་ཁྱབ་ཁོངས་ཞིབ་ཕྲ་དབྱེ་ལ་ཞིབ་འཇུག་གསར་སྤེལ་གྱི་དུས་འཁོར་ཡང་རིང་པོ་ཡོད། 2020ལོའི་ཟླ་4པར། ཀྲུང་གོ་ཚན་རིག་ཁང་ཧྲེན་ཀྲེན་སྔོན་ཐོན་ལག་རྩལ་ཞིབ་འཇུག་ཁང་དང་། མའེ་རུའེ་སྨན་བཅོས། ལེན་ཡིང་སྨན་བཅོས། ཤན་ཅན་ཚན་རྩལ། ཧར་པིན་བཟོ་ལས་སློབ་ཆེན་སོགས་ཀྱིས་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་གསར་གཏོད་ལྟེ་གནས་བཙུགས་ནས་ཐོན་སྐྱེད་དང་ཞིབ་འཇུག་སྦྲེལ་མཐུད་ཀྱི་ལས་སྟེགས་བསྐྲུན་པ་དང་འབྲེལ། ཁེ་ལས་ལ་ལག་རྩལ་ཐག་གཅོད་ཀྱི་ཇུས་གཞིའང་མཁོ་འདོན་བྱས་ཡོད”ཅེས་ངོ་སྤྲོད་བྱས།

    མིག་སྔར། ཀོང་ཏུང་གིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་རིམ་པའི་བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་ལྟེ་གནས་6དང་། ཞིང་ཆེན་རིམ་པ་ཡན་གྱི་བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་ལྟེ་གནས་40ལྷག་ཙམ་བཙུགས་པ་དེ་རིག་ནུས་ཁྱིམ་སྤྱོད་གློག་ཆས་དང་གློག་འདྲེན་ཕྱེད་གཟུགས་སོགས་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་དང་གསར་དར་ཐོན་ལས་ལ་ཁྱབ་ནས་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོ་འདུས་ཁག་8གྲུབ་ཡོད།

    ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་སྤེལ་བཏང་བ།

    དུས་ཚོད་དང་ལམ་ཐིག་གཏན་འཁེལ་བྱས་ཚེ་རང་བརྟེན་ངང་འཕུར་བབས་ཐུབ་པ་སོགས། ཀོང་ཀྲོའུ་ཀྲུང་ཁོ་ཡུན་ཐུའུ་རིག་ནུས་ཚན་རྩལ་ཚད་ཡོད་ཀུང་སིས་གསར་དུ་ཞིབ་སྤེལ་བྱས་པའི་རིག་ནུས་མི་མེད་གནམ་གྲུའི་རྒྱང་ཚོར་མ་ལག་དེ་འགྲིམ་འགྲུལ་དང་། ཁོར་ཡུག་སྲུང་སྐྱོང་། གློག་ཤུགས་སྐོར་ཞིབ་སོགས་ཁྱབ་ཁོངས་སུ་སྤྱོད་ཆོག་གི་ཡོད།“དེ་ནི་ས་གནས་དེ་གས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་ཞིག་ཡིན་པས། ཁེ་ལས་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་ཐེབས་ཡོད”ཅེས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཕན་དབྱི་ཧྥུང་གིས་བཤད།

    ལམ་ལུགས་གསར་གཏོད་ལ་བརྟེན་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་བརྒྱུད་རིམ་ཧྲིལ་པོར་གསར་གཏོད་ཀྱི་འཁོར་འབྲེལ་བཏོད་ཡོད། ཀོང་ཏུང་གིས་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཚན་རྩལ་ཆེད་དངུལ་རྨང་གཞིའི་ཞིབ་འཇུག་ལ་གཏོང་བའི་བསྡུར་ཚད་དེ་1/3ལས་མི་དམའ་བ་དང་། ཚན་ཞིབ་གྲོན་དངུལ་སྤྱོད་སྐབས“བཀག་རྒྱ་གསལ་ཐོ་དང་འགན་གཙང་ལམ་ལུགས་ཟུང་འབྲེལ”གྱི་ཚོད་ལྟ་འཚོལ་ཞིབ་བྱས་ཏེ། ཚན་ཞིབ་མི་སྣར་གྲོན་དངུལ་བེད་སྤྱོད་ཀྱི་རང་བརྟེན་དབང་ཆ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྤྲོད་པ་དང་། “མིང་ཐོ་འདོན་པའི་ལམ་ལུགས”དང“དོ་བདག་གི་ལམ་ལུགས”སོགས་ཀྱི་བྱེད་ཐབས་གསར་གཏོད་བྱེད་པ། ཞིང་ཆེན་གྱི་ཁྱབ་ཁོངས་གཙོ་བོའི་ཞིབ་འཇུག་གསར་སྤེལ་འཆར་གཞི་ཁག་12ལག་བསྟར་སོགས་བྱས་ཡོད།

    གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་ཏུ་བསྡུས་ནས་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལེགས་སུ་བཏང་བ།

    གསལ་ཚད་ལྡབ་10ཆེ་རུ་གཏོང་བའི་3Dམིག་གི་མཐོང་རྒྱ་ལས་ཞིབ་ཕྲའི་གནས་ཚུལ་མིག་ལམ་དུ་གསལ་པོར་མཐོང་ཐུབ་པ་དང་། བདེ་ལྕག་འཁྱུག་པའི་འཕྲུལ་མིའི་ལག་པས་གུ་དོག་པའི་བར་མཐོངས་ནང་སྨན་པས་གནད་སྨིན་བཀོལ་སྤྱོད་བྱེད་པར་རོགས་རམ་བྱེད་པ་སོགས། ཧྲེན་ཀྲེན་ཅིན་ཧྥུང་སྨན་བཅོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་རང་བརྟེན་ཞིབ་སྤེལ་བྱས་པ་དང་འབྲེལ། རྒྱལ་ནང་གི་དཔུང་པ་གཅིག་དང་ཨི་ཁུང་གཅིག་གི་ཁོག་ཤེལ་གཤགས་བཅོས་འཕྲུལ་མི་དང་པོ་ཁྲོམ་རར་བཏོན་པ་དེས་མིག་སྔའི་བར་ནད་ཐོག་སྨན་བཅོས་ཀྱི་གཤགས་བཅོས་1000ལྷག་ཙམ་བྱས་པ་དང་ཁེ་ལས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཁེ་བེད་བདག་ཐོབ་800ལྷག་ཙམ་རེ་ཞུ་བྱས་ཡོད། 

    དེ་ནི་ཀོང་ཏུང་ཞིང་ཆེན་ཚན་རྩལ་ཐིང་གིས་ལག་བསྟར་བྱས་པའི་ཞིང་ཆེན་གྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཞིབ་སྤེལ་འཆར་གཞི་ལས་ཕན་འབྲས་ཐོན་པ་ཡིན་ཞིང་། ཁེ་ལས་ཀྱི་ཐོག་མའི་མ་དངུལ་གྱི་འཇུར་མིག་ནུས་ལྡན་བསལ་བ་མ་ཟད། གསར་གཏོད་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཁེ་ལས་སུ་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་ཡང་བྱས་ཡོད། སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་བཏོད་པ་ལས་ཀོང་ཏུང་གིས་གཙོ་གནད་ཞིབ་སྤེལ་གྱི་འཆར་གཞི་དང་ཆེད་དོན་རྣམ་གྲངས་གལ་ཆེན་ཁྲོད་ཁེ་ལས་ཀྱིས་གཙོ་ཁྲིད་བྱས་པའི་རྣམ་གྲངས་ཀྱི་བསྡུར་གྲངས་དེ་80%ཡན་བར་མཐོ་རུ་བཏང་ནས་ཁེ་ལས“འགན་གཙང་སྤྲོད་མཁན”གྱི་ངོས་ནས་ལག་རྩལ་འགག་སྒྲོལ་སྒྲིག་འཛུགས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མིག་སྔར། ཀོང་ཏུང་གི་ཚན་ཞིབ་སྒྲིག་གཞི་དང་། ཚན་ཞིབ་པ། ཞིབ་སྤེལ་གྲོན་དངུལ། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བཅས་90%ཙམ་ཚང་མ་ཁེ་ལས་ནས་བྱུང་བ་དང་། ཁེ་ལས་ཀྱིས་སྣེ་ཁྲིད་བྱས་པའི་གསར་གཏོད་འགག་སྒྲོལ་རྣམ་གྲངས་ཀྱིས་50%ཡན་བཟུང་ཡོད།

    མིག་སྔར། ཀོང་ཏུང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་གི་སྤྱིའི་ཇུས་གཞིར་ཞིབ་འཇུག་སྒྲིག་བཟོ་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་གི་འགག་རྩའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་གཙོ་གནད་ཚད་བརྒལ་ཡོང་བ་བྱེད་བཞིན་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་ཀོང་ཏུང་གིས་ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་མགྱོགས་སུ་བཏང་ནས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེན་འཛུཌ་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ། གསར་གཏོད་ལ་བརྟེན་ནས་མདུན་སྐྱོད་དང་། གསར་གཏོད་ལ་བརྟེན་ནས་སྟོབས་ཆེར་གཏོང་བ། གསར་གཏོད་ལ་བརྟེན་ནས་རྒྱལ་ཁ་གསར་པ་ལེན་པ་བཅས་ཀྱི་དེང་རབས་ཅན་གྱི་ཀོང་ཏུང་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན”ཞེས་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།