རང་ལྗོངས་ཀྱི་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་དངུལ་སྤྲོད་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་སྲིད་གཞུང་གི་སྐུལ་གཏོང་དང་ཕྱོགས་མང་མཉམ་འགུལ་མཐའ་འཁྱོངས་བྱས་ནས། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་མུ་མཐུད་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ཡོད། ད་ལོ་ཚུན་དུ། འཛད་སྤྱོད་པ་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ནང་ཞུགས་མཁན་མི་ཐེངས་ཁྲི་58ཟིན་ནས་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་26.1ཟིན་ཡོད། མིག་སྔར། རང་ལྗོངས་ཀྱི་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་དངུལ་སྤྲོད་ཚད་98.6%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་རང་ལྗོངས་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་གཙོ་བོ“ལག་བསྟར་བྱེད་ཤུགས”དང“ཁྱབ་རྒྱ་ཆེ་རུ་གཏོང་བ”སོགས་ཐད་མངོན་གསལ་དོད་དུ་ཕྱིན་ཡོད། ཁ་གསབ་ཚད་གཞིའི་ཐད་རླངས་འཁོར་ཚབ་རྗེས་དང་གསར་བརྗེས་ཐད་རྒྱལ་ཁབ་ཀྱི་ཚད་བཀག་ཚད་གཞི་མཐོ་ཤོས་ལག་བསྟར་བྱས་པ་དང་། ཁང་པ་མཛེས་བཟོའི་ཁྱབ་ཁོངས་ན་ནིང་གི་20%དང་ཁ་གསབ་མཐོ་ཤོས་ལ་སྒོར་2000ནས་25%བར་དང་ཁ་གསབ་མཐོ་ཤོས་ལ་སྒོར་3000བར་མཐོ་རུ་བཏང་ཡོད། མཐའ་མཚམས་ས་ཁུལ་གྱི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དང་ས་ཡོམ་གྱི་གེགས་རྗེས་སླར་གསོའི་ཁྱབ་ཁོངས་ནང་གི་མང་ཚོགས་དང་དེ་བཞིན་མ་མཐའི་འཚོ་བའི་འགན་སྲུང་དུད་ཚང་། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཁ་གསབ་འཐོལ་པ་5%སྤྲད་པ། གློག་སྒུལ་རྐང་འཁོར་གྱི་ན་ནིང་གི་ཁ་གསབ་མཐོ་ཤོས་རྐང་འཁོར་རེར་སྒོར་600ནས“རྐང་འཁོར་གསར་པའི་བྲིན་ཚོང་རིན་གོང་གི་30%དང་། ཁ་གསབ་མཐོ་ཤོས་ལ་རྐང་འཁོར་རེར་སྒོར་1000”བར་མཐོ་རུ་བཏང་བ་དང་། ཟླ་དགུ་པ་ནས་བཟུང་རང་སྐྱོང་ལྗོངས་ཀྱི་ལེ་ལག་ཚང་བའི་མ་དངུལ་ནས་ཁ་གསབ་10%ཡང་བསྐྱར་སྤྲད་པ་དེ་རྐང་འཁོར་རེར་ཁ་གསབ་མཐོ་ཤོས་ལ་སྒོར་300སྤྲད་ཡོད། ཁ་གསབ་ཁྱབ་ཁོངས་ཐད་ལག་ཐོགས་ཁ་པར་དང་། ངོས་ལེབ་བརྙན་འཕྲིན། རིག་ནུས་ཆུ་ཚོད་བཅས་གྲངས་འཛིན་ཐོན་རྫས་རིགས་གསུམ་གྱི་ཁ་གསབ་མང་དུ་བཏང་བ་ཕུད། ཇ་བསྲུའི་འཕྲུལ་ཆས་དང་ཁྱིམ་སྤྱོད་གསོ་རླུང་སྒྲིག་ཆས་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་ནང་མུ་མཐུད་བཅུག་ནས། ཁྱིམ་སྤྱོད་གློག་ཆས་ཀྱི་ཁ་གསབ་རིགས་ན་ནིང་གི“8+N”ནས“12+N”བར་མང་དུ་བཏང་བ། བེད་མེད་རླངས་འཁོར་གསར་བརྗེས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ཀྱི་རིམ་པ་བཞི་པ་དང་དེ་མན་བར་རྒྱ་ཆེར་བཏང་བས་གཞི་རྩའི་ཆར་གྲོང་མིའི་རྒྱུན་གཏན་གྱི་འཛད་རྫས་ཡོངས་ལ་ཁྱབ་ཡོད།
འབྲེལ་ཡོད་གསར་འགྱུར།