རང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ།
རིགས་པའི་གཞུང་ལུགས་དོན་ཐོག་འཁྱོལ། འཕེལ་རྒྱས་ཡོང་བར་མཐུན་རྐྱེན་སྦྱར།
ཉིན་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་དམངས་འཚོའི་ལག་ལེན་ཟུང་འབྲེལ་དམ་ཟབ་ཀྱིས་གནད་སྨིན་རོགས་སྐྱོར་དང་། གཞི་རིམ་ལ་ཞབས་ཞུ། ཤེས་དཔལ་གསོ་སྐྱོང་བཅས་ཀྱི་ཁྲོད་མུ་མཐུད་འབད་བརྩོན་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བ་བྱ་རྒྱུ་ཡིན་པ་རེད།
རྩྭ་ཐང་ཐོག་སྒྲོག་འགྲེལ་བྱས་ནས་དམངས་སེམས་དྲོ་བར་བྱེད།
དགུན་དུས་ཀྱི་གྲི་གུ་རྩྭ་ཐང་དུ་གྲང་ངར་ཆེ་ཞིང་ཁ་བ་ལྷབ་ལྷུབ་ཏུ་བབས། མཚོ་སྨད་རྫོང་གྲི་གུ་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་བོད་སྐད་ཀྱི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་སྒྲོག་འགྲེལ་བྱེད་སྒོ་ཞིག་སྤེལ་བས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་འབྲོག་པའི་སེམས་ནང་གཏིང་ཟབ་ཟུག་པར་བྱས་ཡོད།
“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་ནས་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཏོན་ཡོད། དེས་ང་ཚོ་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད” སྒྲོག་འགྲེལ་པ་སྤེན་པས་ལག་ནང་གི་སྒྲོག་འགྲེལ་དཔྱད་གཞི་མར་བཞག་སྟེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་རེ་རེ་བཞིན་འགྲེལ་བཤད་རྒྱག་འགོ་ཚུགས། ཉེ་འགྲམ་དུ་ཡོད་པའི་འབྲོག་པ་ཚོས་ནན་ཏན་ངང་ཉན་པ་དང་མགོ་བོ་ལྕོག་ལྕོག་ཡང་ཡང་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་སེམས་ཤུགས་ཀྱིས་ཁེངས་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་ཚུན་མཚོ་སྨད་རྫོང་གིས་ལས་བྱེད་པ་དང་། སྒྲོག་འགྲེལ་པ། དང་བླངས་པ་བཅས་ལས་གྲུབ་པའི་སྒྲོག་འགྲེལ་རུ་ཁག་བཙུགས་པ་བརྒྱུད་ཞིང་ནང་དང་། མུ་ཁ། མཚེར་ས། མང་ཚོགས་ཀྱི་ཁྱིམ་བཅས་ལ་སློབ་ཁྲིད་བྱས་ནས་ཡིག་ཐོག་གི་སྐད་ཆ་དག་གོ་བདེ་ཤེས་སླའི་སྐད་ཆར་བསྒྱུར་ཏེ་ཏང་གི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་མང་ཚོགས་ཚང་མས་དངོས་འབྲེལ་ཤེས་པར་བྱས་ཡོད།
“སྒྲོག་འགྲེལ་པས་ཧ་ཅང་གསལ་པོ་བཤད་སོང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ང་ཚོ་འབྲོག་པ་དང་འབྲེལ་བ་དམ་ཟབ་ཡོད་པ་ཤེས་བྱུང་། ལྷག་པར་དུ་དམངས་འཚོའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་ཐོས་སྐབས་འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་འཚོ་བར་རེ་བས་ཁེངས་སོང”ཞེས་འབྲོག་པ་ཡེ་ཤེས་བསྟན་པས་ཚང་མའི་མྱོང་ཚོར་བརྗོད།
རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱས་འབྲས་དེ་མཐར་ལག་ལེན་གྱི་ཕན་འབྲས་ལ་བརྟེན་ནས་ཞིབ་དཔྱད་བྱེད་དགོས།
གྲི་གུ་སྡེ་ཁུལ་གྱིས་སྤེལ་བའི“གད་སྙིགས་སྐར་གསོག་དངུལ་བརྗེས”ལམ་ལུགས་ནི་མཚོ་སྨད་རྫོང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད།
དེ་སྔ་གྲི་གུ་སྡེ་ཁུལ་གྱི་གང་སར་གད་སྙིགས་མཐོང་རྒྱུ་ཡོད་པ་དང་ད་ལྟ་ཧ་ཅང་གཙང་སྦྲ་དོད། གཙང་ཞིང་གྲལ་འགྲིག་པའི་ཁོར་ཡུག་གིས་འབྲོག་པ་ཚོའི་འཚོ་བ་དེ་བས་སྐྱིད་སྣང་དོད་དུ་ཕྱིན་ཡོད་ལ“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཀྱང་མི་སེམས་ལ་གཏིང་ཟབ་ཟུག་ཡོད།
ཉེ་བའི་ལོ་ཤས་རིང་། མཚོ་སྨད་རྫོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ་དེ་ལས་ཀའི་གཙོ་གནད་དུ་བརྩིས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་4དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་15ལ་བརྟེན་ནས་རིག་གནས་བྱེད་སྒོའི་ས་ཚིགས་དང་ཞིང་པའི་དཔེ་དེབ་ཁང་སོགས་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། དང་བླངས་ཞབས་ཞུ། རིག་གནས་དམངས་ཕན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
མཚོ་སྨད་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ“ཡིག་ཐོག”ནས་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བཞིན་ཡོད།
མཉམ་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
ཟླ་11པའི་ཟླ་དཀྱིལ་དུ་བོད་ལྗོངས་བུད་མེད་དང་བྱིས་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་བོད་ལྗོངས“སྐལ་བཟང་མེ་ཏོག”བུད་མེད་ཁྱིམ་ལས་མནའ་འབྲེལ་དངོས་སུ་བཙུགས་པ་དེ་ཐོག་ནས་བོད་ཀྱི་ཁྱིམ་ལས་ཞབས་ཞུའི་ལས་རིགས་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོས་པ་མཚོན་ཡོད།
ལྟེ་གནས་བཙུགས་པའི་ཉིན་དེར་བོད་ལྗོངས་བུད་མེད་འཕེལ་རྒྱས་མཐུན་ཚོགས་དང་དེ་བཞིན་བུད་མེད་ཁྱིམ་ལས་ཁེ་ལས་ཀྱི་འགན་འཁུར་བ་དང་ལས་ཞུགས་མི་སྣ་མཉམ་དུ་འཛོམས་ནས་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་ལྷག་པ་སྒྲོལ་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་ནན་ཏན་ངང་ཉན་པ་རེད།
ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱེད་སྐབས། ལྷག་པ་སྒྲོལ་མས་ཚང་མར“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》(གཤམ་དུ《གྲོས་འགོ》ཞེས་བསྡུ་རྒྱུ)ཡི་ནང་ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ཆེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དེས་ང་ཚོར་ཁྱིམ་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད”ཅེས་ནན་བཤད་བྱས་པ་རེད།
རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་སྲིད་ཀྱིས་སེམས་ཁྲལ་བྱེད་ས་དང་། བུད་མེད་ཀྱི་དགོས་མཁོ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འཇོན་ཐང་བཅས་ལ་དམིགས་ནས། བུད་མེད་ཀྱི་ཁྱིམ་ལས་མནའ་འབྲེལ་འཛུགས་པ་དེ་2025ལོའི་ལྗོངས་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོ་གནད་ལས་དོན་ནང་བཅུག་སྟེ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་བརྟེན་ནས་བུད་མེད་ཁྱིམ་ལས་ཀྱི་སྤུས་རྟགས་ཚད་ལྡན་དུ་བཏང་སྟེ་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ཡོད།
མནའ་འབྲེལ་བཙུགས་པའི་ཚོགས་ཆེན་ཐོག་བུད་མེད་ཁྱིམ་ལས་ལས་ཞུགས་མི་སྣའི་འཐུས་མིས་མནའ་འབྲེལ་པུའུ་ཀྲང་དང་པུའུ་ཀྲང་གཞོན་པ་བདམས་པ་དང་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་བོད་ལྗོངས“སྐལ་བཟང་མེ་ཏོག”བུད་མེད་ཁྱིམ་ལས་མནའ་འབྲེལ་དང་དེ་བཞིན་ལྷ་ས་གྲོང་ཁྱེར་ཉིའུ་པེ་པེ་ཁྱིམ་ལས་ཞབས་ཞུ་ཚད་ཡོད་ཀུང་སི་སོགས་ཁྱིམ་ལས་ཁེ་ལས་ལྔ་ལ་བུད་མེད་ཁྱིམ་ལས་ཀྱི་མཚོན་རྟགས་སྤྱོད་དབང་སྤྲད་དེ་སྤུས་རྟགས་གཏོད་རྒྱུར་སྐུལ་འདེད་སྔར་བས་བཏང་ཡོད།
བོད་ལྗོངས་བུད་མེད་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མས་མནའ་འབྲེལ་ལ་རེ་བ་ཆེན་པོ་བཅོལ་བ་སྟེ། “《གྲོས་འགོ》ཡི་ནང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བ་དང་། སྣ་མང་ཅན། སྟབས་བདེ་ཅན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད་པས། མནའ་འབྲེལ་གྱི་ལས་སྟེགས་དེ་བརྒྱུད་ཆ་འཕྲིན་སྤེལ་རེས་དང་། ཐོན་ཁུངས་མཉམ་སྤྱོད། ཚད་གཞི་མཉམ་སྐྲུན་བཅས་མངོན་འགྱུར་ཡོང་བར་བྱས་ཏེ་ཚང་མས་ཁྱུ་སྒྲིག་འཕེལ་རྒྱས་གཏོང་བ་དང་བོད་ཀྱི་ཁྱིམ་ལས་ཆེད་ལས་རྩལ་ནུས་དང་ཞབས་ཞུའི་སྤུས་ཚད་ཐུན་མོང་ཐོག་མཐོ་རུ་བཏང་ནས་བོད་མི་དམངས་ལ་དེ་བས་སྟབས་བདེ་དང་སྤུས་ལེགས་ཀྱི་འཚོ་བའི་ཞབས་འདེགས་ཞུ་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།
ལྷག་པ་སྒྲོལ་མས། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དེ་བས་སྤྲོ་སེམས་འཁོལ་བ་དང་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་ཁྱིམ་ལས་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱི་བུད་མེད་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བཤད་པ་རེད།
ཁྱིམ་གྱི་སྒོ་རྩར་དོན་དངོས་སྒྲུབ་པ།
ཟླ་11ཚེས་26ཉིན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོར་གསོན་ཉམས་དོད་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་སྒྲོག་འགྲེལ་བྱེད་སྒོ་ཞིག་སྤེལ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཟུང་འབྲེལ་དམ་ཟབ་བྱས་ཏེ། གྲོང་མི་200ལྷག་ཙམ་ལ“བསམ་པའི་རྒྱགས་ཕྱེ”དང“ཁེ་དབང་སྲུང་སྐྱོང་གི་ཕྱོགས་སྟོན”མཁོ་འདོན་བྱས་ཡོད།
བྱེད་སྒོ་སྤེལ་རིང་། ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་པས“སྲིད་ཇུས་སྒྲོག་འགྲེལ་པ”བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ལྟེ་བའི་དོན་སྙིང་ལ་དམ་པོར་དམིགས་པ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་གཞི་རིམ་བཅོས་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གྲོང་མིས་གོ་བདེ་བ་དང་བློ་ལ་ངེས་བདེ་བའི་སྐད་ཆར་བརྟེན་ནས་སྲིད་ཇུས་ཀྱི་གཙོ་གནད་ལ་འགྲེལ་བཤད་བརྒྱབ་པས། འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་གྲོང་མིའི་རེ་འདོད་དང་སེམས་ཤུགས་འཕེལ་ཡོད།
དེ་དང་ཆབས་ཅིག ལས་དོན་པས་ད་དུང་ས་གནས་ས་ཐོག་ཏུ་ཆེད་ལས་ཀྱི་ཡོ་བྱད་འཁྱེར་ནས“སྒོ་རྩའི་ཞིབ་དཔྱད་ཚད་ལེན་ལྟེ་གནས”གནས་སྐབས་བསྐྲུན་ཏེ་གྲོང་མིར་རྩ་ཆེའི་ལྕགས་རིགས་འདུས་ཚད་ལ་ཞིབ་དཔྱད་ཚད་ལེན་དང་བཟའ་བཅའི་བདེ་འཇགས་ལ་ཞིབ་དཔྱད་ཚད་ལེན་གྱི་ཞབས་འདེགས་ཞུས་པ་དང་ཆབས་ཅིག རྒྱུན་གཏན་འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་སྟངས་དང་བཟའ་བཅའི་བདེ་འཇགས་ཀྱི་རྒྱུན་ཤེས་ལ་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་ཡོད།
བྱེད་སྒོ་སྤེལ་རིང་། ཚད་འཇལ་དང་བཟའ་བཅའི་བདེ་འཇགས་ཀྱི་དྲིལ་བསྒྲགས་ལག་དེབ་གྲོང་མིའི་ལག་ཏུ་སྤྲད་པས་གྲོང་མི་ཚོས་ཤེས་བྱ་སྦྱོང་ཐུབ་པ་ཙམ་མ་ཟད། ཁོང་ཚོའི་དོགས་གནད་སེལ་བ་དང་ཆབས་ཅིག་ཕན་པ་དངོས་ཀྱང་ཐོབ་ཡོད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གཞི་རིམ་གྱི་འཐབ་ས་དང་པོར་མུ་མཐུད་བསྐྱོད་ནས་སྲིད་ཇུས་དྲིལ་བསྒྲགས་དང་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱིས་བཏོན་པའི་ཐུན་མོང་རང་བཞིན་གྱི་དགོས་མཁོ་དེ་ལྟ་འདོམས་དང་ཞབས་ཞུའི་གཙོ་གནད་ཁ་ཕྱོགས་སུ་བསྒྱུར་ཏེ། མང་ཚོགས་ཀྱི་འཛད་སྤྱོད་བདེ་འཇགས་ཡག་པོ་སྲུང་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།