ཞི་ཅིན་ཕིང་གིས་ལོ་སི་མི་དམངས་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་50འཁོར་བར་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སི་མི་དམངས་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་50འཁོར་བར་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ལོ་སི་མི་དམངས་གསར་བརྗེའི་ཏང་གིས་ལོ་སི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་བརྩོན་དང་འབད་འབུངས་མདུན་སྐྱོད་བྱས་ཏེ། གསར་བཅོས་སྒོ་དབྱེའི་བྱ་གཞག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པ་དང་མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་སུ་སོང་ནས་རྒྱལ་སྤྱིའི་ཐོག་དང་ས་ཁུལ་དུ་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། བློ་མཐུན་དང་སྤུན་ཟླ་ཡིན་པའི་ཀྲུང་གོ་ཕྱོགས་དེའི་ཐད་དགའ་ཚོར་ཆེན་པོ་བྱུང་། ལོ་སི་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཡག་པོ་བསྐྱོད་ནས། ལོ་སི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུས་ཏེ། ཏང་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཐུང་ལུན་གྱིས་ད་ལོའི་ཟླ་དགུ་པར་ཀྲུང་གོར་འཚམས་འདྲི་གནང་བ་ཐུགས་གྲ་ལེགས་འགྲིག་བྱུང་ཞིང་། ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་ཚོགས་པ་གཏིང་ཟབ་འཛུགས་པའི་ཐད་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གསར་པ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལོ་སི་འདི་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ཚུད་ཁ་ཕྱོགས་སུ་བརྩི་གི་ཡོད་པས། ལོ་སི་ཕྱོགས་དང་མཉམ་དུ་སང་ལོར་ཀྲུང་གོ་དང་ལོ་སི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བ་གོ་སྐབས་སུ་བརྩིས་ཏེ། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས། དུས་སྐབས་གསར་པའི་ཀྲུང་གོ་དང་ལོ་སི་དབར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཆེ་བ་བསྐྲུན་པ་དང་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།