དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དུས་རབས་གསར་པའི“རྨ་ཆུའི་མཉམ་གཞས་ཆེན་པོ”ཡག་པོ་ལེན་པ།

    —— རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟ་ཞིབ་སྐོར་བཀོད་པ། (སྟོད་ཆ)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཐེ། ཆའོ་ཏུང་། ཧྥང་མིན།   |     སྤེལ་དུས།  2025-12-03

    རྨ་ཆུ་རྒྱུག་ཁུལ་ནི་རང་རྒྱལ་གྱི་སྐྱེ་ཁམས་སྲུང་བཅད་གལ་ཆེན་ཞིག་ཡིན་ལ། མི་འབོར་འགྲོ་འོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ས་ཁོངས་གལ་ཆེན་ཞིག་ཀྱང་ཡིན་པས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་སྟོད་རྒྱུད་དང་། བར་རྒྱུད། སྨད་རྒྱུད་བཅས་སུ་ཕེབས་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་དམིཌ་ཏེ། བཞུགས་མོལ་ཚོགས་འདུ་ཐེངས་གསུམ་གཙོ་སྐྱོང་གནང་ནས་མ་ཡུམ་གཙང་པོའི་འབྱུང་འགྱུར་ཇུས་འགོད་གཏིང་ཟབ་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་གཞིར་བཟུང་། རྨ་ཆུ་རྒྱུག་ཁུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། རྒྱུག་ཁུལ་ཧྲིལ་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་བཏང་ཡོད།

    རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་སྟེ། 2024ལོར་རྨ་ཆུ་རྒྱུག་ཁུལ་གྱི་སྒོར་ཁྲིའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཆུ་སྤྱོད་ཚད་དང་སྒོར་ཁྲིའི་བཟོ་ལས་འཕར་ཐང་གི་ཆུ་སྤྱོད་ཚད་2023ལོ་དང་བསྡུར་ན་ཆག་པ་དང་། ད་ལོའི་ལོ་སྟོད་དུ་རྨ་ཆུ་རྒྱུག་ཁུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་9ཡི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.12ཟིན་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དེས་རྒྱལ་ཡོངས་ཀྱི་14.3%བཟུང་བ་དང་དུས་མཚུངས་ལས་8.2%འཕར་ནས་ཟླ་བ་17བསྟུད་མར་འཕར་ཡོད་པ་རེད།

    “སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་གྱིས། བཅོས་སྐྱོང་ཆེན་པོར་མཉམ་དུ་སྐུལ་འདེད་བཏང”བས། དུས་རབས་གསར་པའི“རྨ་ཆུའི་མཉམ་གཞས་ཆེན་པོའི”གླུ་སྒྲ་དེ་བས་ཐག་རིང་ཕྱོགས་སུ་གྲགས།

    “ཆུ་བོ་ཆེན་པོའི་མཛེས་སྡུག”མཉམ་དུ་སྲུང་སྐྱོང་བྱེད་པ།

    རྨ་ཆུའི་མཛེས་སྡུག་ཁྲོད་ནས་ཀྲུང་གོའི་མཛེས་སྡུག་མངོན་ཞིང་། རྨ་ཆུའི་སྐྱེ་ཁམས་ཀྱི་འགྱུར་བ་ལས་ཀྲུང་གོའི་སྐྱེ་ཁམས་ཀྱི་འགྱུར་བ་མངོན།

    རྨ་ཆུའི་སྟོད་རྒྱུད་ཀྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོ་གླིང་ཁུལ་དུ་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་རྨ་ཆུ་ཤང་གི་སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཀྱི་འགན་འཁུར་བ་འཇམ་དབྱངས་རྡོ་རྗེས་སྐོར་གཡེང་ཉིན་ཐོའི་ཐོག་ཁྲུང་ཁྲུང་སྐེ་ནག་གི་ལྟ་ཞིབ་ཟིན་བྲིས་བཀོད་ཡོད། ཁོང་ཚོའི་སྲུང་སྐྱོང་འོག་ཡུལ་དེའི་ཁྲུང་ཁྲུང་སྐེ་ནག་གི་རྒྱུད་པ་འཕེལ་ཚད་དུས་རབས་འདིའི་དུས་འགོའི་20%ནས་ད་ལོའི་95%ལྷག་ཙམ་བར་འཕར་ཡོད།

    རྨ་ཆུའི་བར་རྒྱུད་ཀྱི་ཧོ་ནན་སན་མོན་ཞ་གྲོང་ཁྱེར་ངང་དཀར་མཚེའུ་རུ“དེ་གར་དགུན་སྒྲོལ་དུ་ཡོང་བའི་ངང་པ་ཆེན་པོ་ལོ་བཅུའི་གོང་གི་8000ལྷག་ཙམ་ནས་ཁྲི་1.6ལྷག་ཙམ་བར་མང་དུ་ཕྱིན་ཡོད”ཅེས་རྒྱལ་ཡོངས་འདབ་ཆགས་ལྟ་ཞིབ་ལྟེ་གནས་སན་མོན་ཞ་ངང་དཀར་མཚེའུ་འདབ་ཆགས་ལྟ་ཞིབ་ས་ཚིགས་ཀྱི་ཀྲན་ཀྲང་ཀའོ་རུའུ་དབྱིས་བརྗོད།

    རྨ་ཆུའི་སྨད་རྒྱུད་ཀྱི་ཧྲན་ཏུང་ཏུང་ཡིང་གྲོང་ཁྱེར་རྨ་ཆུའི་ཟུར་གསུམ་ཁུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ད་ལོ་ཚུན་དུ་ཤར་ཕྱོགས་ཀྱི་ཆུ་བྱ་233གྱིས་དེ་གར་བྱ་ཕྲུག་536བཙས་པ་དང་། ཆུ་སྐྱར་མཆུ་ནག་གི་རྒྱུད་པ་འཕེལ་ཚད་ཁྲི་1ལྷག་ཙམ་ཟིན་ཡོད་པ་རེད།

    ས་མཐོའི་འདམ་ར་ནས་ཀླུང་ཐང་གྲམ་ཐང་བར་འདབ་ཆགས་ནི“སྐྱེ་ཁམས་ཀྱི་ཚོད་ལྟའི་མ་ལག”ཅིག་དང་འདྲ་བར། སྔོ་ཁེབས་སྟུག་ཚད་དང་ཆུ་དྭངས་ཚད་ཚད་འཇལ་ཐུབ་པ་མ་ཟད། རྨ་ཆུའི་རྒྱུད་ཀྱི་ས་ཁུལ་གྱི“སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་བྱས་པའི”ཕན་འབྲས་དེ་བས་ཚད་ལེན་ཐུབ།

    ཤིང་འཛུགས་ནགས་བཟོ་ནི་དཔེ་མཚོན་ཞིག་རེད།

    མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་རྨ་ཆུའི་གཞོགས་གཉིས་ཀྱི་མཐོ་ཚད་སྨི་3000ལྷག་ཙམ་ཡོད་པའི་རི་སྟེང་དུ་ལྗོན་ཤིང་སྟུག་ཅིང་། རྨ་ལྷོ་ཀྲོའུ་གཅན་ཚ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཚེ་འབུམ་རྒྱལ་གྱིས། གཅན་ཚ་རྫོང་གིས་ད་ལོ་སླར་ཡང་ཁམས་ར་གྲོང་རྡལ་བན་ཀླེ་ལུང་ཤུར་གྱི་ནགས་བཟོ་སྔོ་འགྱུར་ས་ཚིགས་སུ་གསོམ་ཤིང་4000ལྷག་ཙམ་གསར་དུ་བཏབ་པ་དང་ཉེ་འཁོར་དུ་ཉེ་བའི་ལོ་3ནང་བཏབ་པའི་མཚོ་སྔོན་གསོམ་ཤིང་གསོན་ཚད་90%ལྷག་ཙམ་ཟིན་ཡོད་ཅེས་ངོ་སྤྲོད་བྱས།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་བྱས་པ་དང་། 《རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》བཀྲམ་པ། “ཚད་གསུམ་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་བཙུགས་པ་ལ་སོགས་པའི་རྩེ་རིམ་ཇུས་འགོད་རབ་དང་རིམ་པར་བརྟེན་ནས། རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་གི་ཁང་བཟང“ཀ་བཞི་གདུང་བརྒྱད”བསྐྲུན་པ་རེད།

    སི་ཁྲོན་དང་། མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན(རང་སྐྱོང་ལྗོངས)3དང་གྲོང་ཁྱེར(ཀྲོའུ)7གྱིས་མཉམ་འགོག་མཉམ་འཛིན་གྱི་མཉམ་ལས་གྲོས་མཐུན་བཞག་ནས་ཆུ་འགོའི་བཞུར་ཆུ་སྲུང་བ་དང་། ཅིང་ཧྲའན་གྲོག་རོང་ཆེ་མོའི་ངོགས་གཉིས་སུ་ཧྲན་ཤིས་དང་ཧྲའན་ཤིས་ཀྱིས་རྨ་ཆུའི་ཀུ་ཤན་ཆུ་བེད་ལྟེ་གནས་ལས་གྲྭ་མཉམ་དུ་བསྐྲུན་པ་མ་ཟད། ད་དུང་འདམ་ར་སྲུང་སྐྱོང་དང་དུས་བྱ་གནས་སྤོའི་བགྲོད་ལམ་ཉམས་གསོའི་ལས་གྲྭ་མཉམ་དུ་ལག་ལེན་བསྟར་བ་ལ་སོགས་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་9ཡིས་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་བཅོས་སྐྱོང་གི་སྒྲིག་བཀོད་ལེགས་གཏོང་གི་བྱ་སྤྱོད་རབ་དང་རིམ་པ་མཉམ་དུ་སྤེལ་བར། རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་དུང་ཕྱུར་2བྱས་ཏེ་ཞན་འགྱུར་རྩྭ་ཐང་མུའུ་དུང་ཕྱུར་2.31ཉམས་གསོ་ཐུབ་ཡོད་པ་རེད།

    ས་སེར་མཐོ་སྒང་སེར་མདོག་ནས་ལྗང་མདོག་ཏུ་གྱུར་བ་དང་། རྨ་ཆུ་རྙོག་མ་ནས་དྭངས་མར་གྱུར་ཏེ། ཁུག་སོ་མང་བའི་རྨ་ཆུར་རྣམ་པ་གསར་པ་ཞིག་མངོན།

    མའོ་ཝུའུ་སུའུ་དང་། ཁུའུ་པུའུ་ཆི། ཐེང་ཀེ་ལི་སོགས་བྱེ་ཁུལ་དང་བྱེ་ཐང་རེ་རེ་བཞིན་ཚོད་འཛིན་ཐུབ་ཅིང་། ད་ཆ་མཐའ་འཁོར་དུ་རིང་ཚད་སྤྱི་ལེ་380ལྷག་ཟིན་པ་དང་རྒྱ་ཁྱོན་མུའུ་ཁྲི་215ཟིན་པའི་ནགས་རྩྭའི་ཁུལ་ཞིག་ཆགས་ཡོད།

    གཏེར་རི་དང་། གྲམ་ཐང་། བ་ཚྭའི་ཁུལ་སོགས་ས་ཆ་མང་པོ་ཞིག་ཉམས་གསོ་བྱེད་བཞིན་ཡོད་ཅིང་། ཧྲན་ཤིས་ཤིན་ཀྲོའུ་གྲོང་ཁྱེར་ཧྲེན་ཁྲེ་རྫོང་ལུང་ཆོན་གྲོང་རྡལ་ཚི་ཡོའོ་རོང་གྲོང་ཚོའི་ཤར་ངོས་ཀྱི་རི་ལྡེབས་སུ་རྨ་ཆུའི་ཁུག་སོའི་གཙོ་གནད་སྐྱེ་ཁམས་འགག་སྒྲོལ་ཁུལ་གྱི་བེད་མེད་དུ་བསྐྱུར་བའི་གཏེར་རིའི་སྐྱེ་ཁམས་སླར་གསོའི་དཔེ་སྟོན་ལས་གྲྭའི་རྣམ་གྲངས་ཚ་ཚ་འུར་འུར་ངང་ལག་ལེན་བསྟར་བཞིན་ཡོད། ཨར་སྐྲུན་ཕྱོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཝང་པའེ་ཤིན་གྱིས“དེ་སྔ་འདི་གར་ནི་རྡོ་ཧྲུག་གིས་ཁེངས་པའི་བེད་མེད་རྡོ་སོལ་འདོན་ས་ཞིག་ཡིན་པ་དང་ཕྱིས་སུ་འདིར་སྔོ་ལྗང་གིས་བཀླུབས་པའི་རྣམ་པ་ཞིག་སླར་ཡང་མངོན་རྒྱུ་རེད”ཅེས་ཉམས་གསོ་བྱེད་བཞིན་པའི་གཏེར་དོང་ལ་ལྟ་བཞིན་བརྗོད།

    གཙང་གསུམ་ཆུ་འགོ་དང་། ཝུའུ་ལེང་སུའུ་ཧའེ། རྨ་ཆུའི་ཟུར་གསུམ་ཁུལ་སོགས་འདམ་ར་མང་པོ་ཞིག་སྔར་བས་མཛེས་སྡུག་ལྡན་པར་གྱུར། སྔོན་ཆད་ནང་སོག་ཝུའུ་ལེང་སུའུ་ཧའེ་རུ་ཉ་བཟུང་མཁན་ལིའུ་ཝུན་པིན་ད་ཆ་བདག་སྐྱོང་བར་གྱུར་ཡོད། “ལོ་འདི་དག་རིང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་སྦྲགས་དུས་བྱའི་རིགས་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད”ཅེས་ཁོང་གིས་བརྗོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྨ་ཆུ་རྒྱུག་ཁུལ་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ཆུ་གཞུང་ཨ་མའི་ཆུའི་སྤུས་ཚད་ལོ་3བསྟུད་མར་རིགས་Ⅱལ་སླེབས་པ། རྒྱུག་ཁུལ་གྱི་ཆུའི་སྤུས་ཚད་ལེགས་པའི་བསྡུར་གྲངས་ལོ་གཉིས་བསྟུད་མར་90%ལས་བརྒལ་ཡོད།

    “ཆུ་བོ་ཆེན་པོ་བཅོས་སྐྱོང”མཉམ་དུ་ཇུས་འགོད་བྱེད་པ།

    རྨ་ཆུའི་ཁ་དོག་སེར་པོ་ཡིན་དོན་ནི་ཆུ་ཉུང་བ་དང་བྱེ་མ་མང་དྲགས་ནས་ཆུ་དང་བྱེ་མ་སྙོམས་པོ་མེད་པས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགོངས་བཞེས་ཟབ་མོ་གནང་ནས“རྨ་ཆུའི་ཆུ་རྒྱུན་ཡུན་རིང་དལ་འབབ་ཐུབ་པའི་འགན་ལེན་བྱེད་དགོས་ཚེ་ངེས་པར་དུ་ཆུ་བྱེའི་འབྲེལ་བ་སྙོམ་སྒྲིག་བྱེད་པའི་གནད་འགག་ལ་དམ་འཛིན་ནན་པོ་བྱེད་དགོས”ཞེས་གསུངས་ཡོད།

    བྱེ་མ་ཉུང་གཏོང་གིས“འགོག་སྲུང་འཛིང་རགས་བཟོ་བའི”མཉམ་ཤུགས་ཆགས་པར་བྱེད་པ།

    ཀྲུང་གོས་གསར་གཏོད་བྱས་པའི“བྱེ་འགོག་ཐབས་ལམ”རབ་དང་རིམ་པས་རྨ་ཆུའི་བྱེ་མ་འདྲེན་ཚད་ཉུང་དུ་ཤུགས་ཆེན་ཕྱིན་པ་མ་ཟད། གོ་ལ་ཧྲིལ་པོའི་བྱེ་འགྱུར་འགོག་བཅོས་ལ་ཀྲུང་གོའི་བློ་གྲོས་དེ་བས་ཀྱང་ལེགས་སྐྱེས་སུ་ཕུལ་ཡོད།

    རྩྭ་བཟོས་ལིང་ཚེ་ལས་རིང་ཚད་ལ་སྤྱི་ལེ་153དང་ཞེང་ཚད་ལ་སྤྱི་ལེ་10ནས་38བར་གྱི་འགོག་སྲུང་ཁུལ་ཞིག་གྲུབ་པ་དང་། ཉིང་ཞའི་ཁོངས་ཀྱི་ཐེང་ཀེ་ལི་བྱེ་ཐང་གི་མཐའ་སྣེར་ལྗང་མདོག་འགོག་སྲུང་ཁུལ་བཟོས་པ། ས་སེར་དང་ཞིང་པའི་ཁྱིམ་ལུད་དབོར་ནས་ཀུ་ཤུའི་སྡོང་པོ་བཙུགས་པ། ནང་སོག་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཇུན་གར་ཆིའི“རླུང་བུ་ལྡང་མ་ཐག་གང་སར་བྱེ་མས་ཁེངས་པ་དང་། ཆར་པ་བབས་མ་ཐག་འདམ་གྱིས་ཁེངས་པའི”བཅུ་ཆ་དྲུག་གི་བྱེ་འགྱུར་བྲག་རྡོ་བཅོས་སྒྲིག་བྱས་པ། ཧྲན་ཤིས་ཀྱི་ལིན་ཧྥེན་གྲོང་ཁྱེར་ཤིས་རྫོང་གི་གཡང་གཟར་ངོས་སུ་ནགས་བཟོ་མུའུ་ཁྲི་5ལྷག་ཙམ་བྱས་པར་ངོས་ཡོངས་སུ་སྔོ་ལྗང་གིས་ཁེངས་པ་སོགས་བྱུང་ཡོད།

    ཆུ་གྲོན་ཆུང་གིས“ཆུ་གཏོང་ཡོ་བྱད་བསྒར་བར”གཞོགས་འདེགས་བྱེད་པ།

    རྨ་ཆུས་རྒྱལ་ཡོངས་ཀྱི་ཆུའི་བཞུར་རྒྱུག་བསྡོམས་འབོར་གྱི་2%བཟུང་ཞིང་། རྒྱལ་ཡོངས་མི་འབོར་གྱི་12%དང་ས་ཞིང་17%གྱི་ཆུ་སྤྱོད་དགོས་མཁོར་འདེགས་སྐྱོར་བྱེད་པ་དང་། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་འཚོལ་ཞིབ་གཏིང་ཟབ་བྱས་ནས་ཆུ་གྲོན་ཆུང་གི་ལས་དོན་ལ་མཉམ་དུ་གཞོལ་མུས་རེད།

    ནང་སོག་ཧོ་ཐའོ་ཞིང་ཆུ་འདྲེན་ཁུལ་གྱི“བློ་རིག་ཁང”དུ་རིང་ཚད་སྨི་53ཟིན་པའི་གློག་རྡུལ་བརྙན་ཤེལ་ཐོག་སྤྱི་ལེ་ཁྲི་6.4ཟིན་པའི་འདྲེན་འབུད་ཡུར་བུའི་གཞི་གྲངས་དུས་ཐོག་ཏུ་བསྟན་བཞིན་ཡོད། རྨ་ཆུའི་ཆུ་འདྲེན་ཚུལ་གཞི་ཁྱོན་ཆེན་པོས་ཁྱབ་གདལ་བཏང་བ་བརྒྱུད་ཞིང་ཆུ་འདྲེན་ཁུལ་གྱི་ཞིང་ལས་ཐད་ཀྱི་ཆུ་སྤྱོད་ཚད་2020ལོའི་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་43.3ནས་2024ལོའི་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་39.6བར་ཆག་ཡོད། དེ་ནི་ཚན་རྩལ་ལ་བརྟེན་ནས་ཆུ་གྲོན་ཆུང་བྱེད་པའི་ལག་ལེན་འཚོལ་ཞིབ་ཅིག་རེད།

    “མི་ཅི་ཙམ་ཡོད་ན་ཆུ་དེ་ཙམ་འཐུང་བ”ལས་རྨ་ཆུའི་རྒྱུད་ཀྱི་ས་གནས་ཁག་གིས་ཆུ་དང་བསྟུན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུ་དང་བསྟུན་ནས་ས་ཆ་གཏན་འཁེལ། ཆུ་དང་བསྟུན་ནས་མི་འབོར་གཏན་འཁེལ། ཆུ་དང་བསྟུན་ནས་ཐོན་ལས་གཏན་འཁེལ་བཅས་བྱས་ཏེ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་སྤྱོད་རྒྱུར་སྐུལ་འདེད་བཏང་བ་མཚོན་ཐུབ།

    “ཆུ་གཅིག་མཉམ་སྤྱོད”ཇི་ལྟར་མཐུན་སྦྱོར་ཡོང་བར་བྱེད་དགོས་སམ།

    1987ལོའི་རྨ་ཆུའི་ཆུ་མཁོ་འདོན་བྱེད་ཚད་བགོ་འགྲེམས་ཇུས་གཞིའི་ནང་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་ཞིབ་ཕྲའི་བཅད་གྲངས་གཏན་འཁེལ་བྱས་ཡོད། ད་ཆ་སུ་ལ་དགོས་མཁོ་ཡོད་ཚེ་གཞན་གྱི་ཆུ་ལྷག་མ་ཉོ་ཆོག་པའི་ཆུ་དབང་ཉོ་ཚོང་བྱེད་ཆོག

    ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་གྱི་ཉིང་ཏུང་ནུས་རྒྱུ་རྫས་འགྱུར་བཟོ་ལས་རྟེན་གཞི་དེ་རྨ་ཆུ་དང་བར་ཐག་སྤྱི་ལེ་30ཙམ་གྱི་མཚམས་སུ་ཡོད་ཀྱང་སྐབས་ཤིག་རིང་ཆུ་མེད་པར་ལུས།

    2023ལོའི་ཟླ་11པར་ཉིང་ཞ་ཡིས་སི་ཁྲོན་ཞིང་ཆེན་གྱི་ལོ་3གྱི་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1500ཟིན་པའི་རྨ་ཆུའི་ཆུ་སྤྱོད་དབང་ཆ་ཉོས་ཏེ། ཉིང་ཏུང་ནུས་རྒྱུ་རྫས་འགྱུར་བཟོ་ལས་རྟེན་གཞིའི་ཐོན་སྐྱེད་ཐད་སྤྱད་པ་དང་། ཆུ་དབང་ཉོ་ཚོང་ཐད་ཁྲོམ་རའི་ལམ་སྲོལ་ལ་བརྟེན་ནས་ཆུའི་ཐོན་ཁུངས་ཀྱི་འཇུར་མིག་སེལ་བའི་ལམ་བུ་གསར་པར་བསྐྱོད་ཡོད།

    “ཁོངས་གཅིག་མཉམ་ཕྱུག”ཇི་ལྟར་དོ་སྙོམས་ཡོང་བར་བྱེད་དགོས་སམ།

    བཅད་ངོས་ཀྱི་ཆུའི་སྤུས་ཚད་དང་སྦགས་བཙོག་དངོས་པོའི་དམིགས་ཚད་ཀྱིས་སྐྱེ་ཁམས་ཁ་གསབ་ཀྱི་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། 2021ལོར་ཧྲན་ཏུང་དང་ཧོ་ནན་ཞིང་ཆེན་གྱིས་རྨ་ཆུ་རྒྱུག་ཁུལ་གྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་གྲོས་མཐུན་ཐོག་མ་དེར་མིང་རྟགས་བཀོད་པ་དང་། དེ་རྗེས་རྨ་ཆུ་ཧྲན་ཏུང་དུ་བཞུར་བའི་ཆུའི་སྤུས་ཚད་ཐོག་མཐའ་བར་གསུམ་དུ་རིགས་Ⅱཡན་རྒྱུན་འཁྱོངས་ཐུབ་ཡོད། ད་ལོའི་ཟླ་7པར་ཧོ་ནན་ལ་རིམ་རྩིས་བརྒྱབ་ན་ཧྲན་ཏུང་ནས་སྤྲད་པའི་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.5རག་ཡོད།

    “ཆུ་བྱེ་སྙོམས་སྒྲིག”ནས“འབབ་རྒྱུད་མཉམ་བཅོས”བར་ཆུ་བོ་ཆེན་པོ་བཅོས་སྐྱོང་བྱ་རྒྱུ་དེའང་ཀྲུང་གོའི་བཅོས་སྐྱོང་གི་བསྡུས་རིས་ཤིག་ཏུ་གྱུར་ཡོད། རྨ་ཆུ་བཅོས་སྐྱོང་དེ་གཞན་དབང་ནས་རང་འགུལ་བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དེས་འཛམ་གླིང་གི་གཙང་པོ་དང་ཆུ་བོ་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པར་ཀྲུང་གོའི་དཔེ་མཚོན་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།