དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་དབར་གྱི་མཉམ་ལས་སླར་ཡང་དུས་རིམ་གསར་པར་ཕྱོགས་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྥང་མེན།   |     སྤེལ་དུས།  2025-12-03

    ཉིན་ཤས་གོང་། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་དང་། ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་། ཀྲུང་གོ་མི་དམངས་དངུལ་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་ཁེ་ལས་མཁས་ཅན་གྱི་མཐོ་རིམ་དབུ་ཚོགས་སྐབས་བཅོ་བརྒྱད་པ་ཧོ་ནན་ཀྲེང་ཀྲོའུ་རུ་འཚོགས་པ་རེད། ཀྲུང་གོ་དང་། ལ་ཏིང་མེ་གླིང་། ཅ་ལེ་པིའི་རྒྱལ་ཁབ་བཅས་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་། བཟོ་ཚོང་ལས་རིགས་ཀྱི་མི་སྣ། རིགས་གཅིག་མཁན་ཅན་དང་མཁས་དབང་བཅས་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་མི་1000ལྷག་ཙམ་དབུ་ཚོགས་ལ་ཞུགས་ཡོད། ས་གནས་ས་ཐོག་ཏུ་སྤེལ་རེས་འཁྲུག་པོ་ཞིག་བྱས་ནས་མཉམ་ལས་ཀྱི་འདོད་མཐུན་ཁག་73ཐོག་མར་བཞག་ཡོད།

    2025ལོ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་དངོས་སུ་གཉེར་ནས་ལོ་10འཁོར་བ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་འབྲེལ་བ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ཕྱོགས་སུ་སྐྱོད་བཞིན་ཡོད། ཀྲུང་གོ་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་གྱིས། ལོ་10ཡི་རིང་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་མུ་མཐུད་རྒྱ་སྐྱེད་པ། མཛའ་གྲོགས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་འབྲེལ་བ་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་དུས་རིམ་གསར་པར་སླེབས་ཡོད་ཅེས་བརྗོད།

    ཀྲུང་གོའི་གྲོང་ཁྱེར་ཆེ་གྲས་ཁག་གི་ཚོང་ར་དང་སྒོ་རྩིས་ཚོང་ཁང་དུ་མོ་ཞི་ཁོ་དང་། ཆི་ལི། ཕེ་རུའུ་སོགས་ལ་ཏིང་མེ་གླིང་རྒྱལ་ཁབ་ནས་ཐོན་པའི་ཤ་སྨི་འབྲུག་དབྱིབས་མ་དང་། ཤིང་ཏོག་ཉིའུ་ཡིའུ་གོ ཤིང་ཏོག་ལན་མེ་སོགས་ཀྱི་ཞིང་ལས་ཐོན་རྫས་བཏོན་པར་འཛད་སྤྱོད་པ་མང་པོས་དགའ་པོ་བྱེད་ཀྱི་ཡོད། “ཀྲུང་གོའི་ཁྲོམ་རར་ལ་ཏིང་མེ་གླིང་གི་ཞིང་ལས་ཐོན་རྫས་ཉོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཐོན་རྫས་སྤུས་ལེགས་འདི་དག་ཀྲུང་གོའི་ཁྲོམ་རར་བྲིན་པོ་འདུག་པས་ང་ཚོ་ཧ་ཅང་དགའ་པོ་བྱུང”ཞེས་ཀྲུང་གོའི་མོ་ཞི་ཁོའི་ཚོང་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཝུའེ་ཁེ་ཏུའོ·ཁཱ་ཏེ་ན་ཡིས་བརྗོད། མིག་སྔར་རིམ་རྩིས་བརྒྱབ་ན་ཡུས་ཐུང་གིས་ལ་ཏིང་མེ་གླིང་གི་ཁྲོམ་རར་ནུས་གསར་འགྲུལ་སྐྱེལ་རླངས་འཁོར་ཁྲི་3ཙམ་བཙོངས་པ་དང་ཆབས་ཅིག་གློག་གསོག་ས་ཚིགས་བསྐྲུན་པ་དང་། བཙོངས་རྗེས་ཀྱི་ཞབས་ཞུའི་ལྟེ་གནས་བཙུགས་པས་ལ་ཏིང་མེ་གླིང་རྒྱལ་ཁབ་མང་པོའི་དམངས་ཚོགས་ཀྱི་གདེང་འཇོག་བཟང་པོའང་ཐོབ་ཡོད།

    དབུ་ཚོགས་འཚོག་རིང་། ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་རིག་ལྡན་ཞིང་ལས་མཉམ་ལས་ཀྱི་ཆེད་དོན་གླེང་མོལ་ཚོགས་འདུ་འཚོགས་པར་ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་ཞིང་ལས་ཁྱབ་ཁོངས་ཀྱི་ཁེ་ལས་ཀྱི་འཐུས་མི་དང་། རིགས་གཅིག་མཁས་ཅན། མཁས་དབང་སོགས་ཀྱིས་རིག་ལྡན་ཞིང་ལས་ཀྱི་འཕེལ་ཕྱོགས་གསར་པའི་སྐོར་ལ་མཉམ་དུ་གླེང་མོལ་བྱས་ཤིང་། ཧོ་ནན་ཞིང་ལས་མ་འཇོག་ཚོགས་པས་ཝུ་རུ་ཀུའེ་ཁ་ནེ་ལུའོ་ནེ་སི་ཞིང་ཆེན་གྲོང་གསེབ་འཕེལ་རྒྱས་ཅུས་སོགས་དང་མཉམ་ལས་ཀྱི་བརྗེད་ཐོར་མིང་རྟགས་བཀོད་དེ། “ཞིང་ལས་ལག་རྩལ་གྱི་དཔེ་སྟོན་རྟེན་གཞི”མཉམ་སྐྲུན་དང་། ཞིང་ལས་ལོ་ཏོག་ནང་འདྲེན་ཚོད་འདེབས་དང་། རྒྱུན་གཏན་མིན་པའི་གཟན་ཆས་ཞིབ་འཇུག་གསར་སྤེལ། ལག་རྩལ་གསོ་སྦྱོང་སོགས་ཀྱི་ལས་སྒོ་སྤེལ་རྒྱུའི་གྲོས་ཐག་བཅད་པ་རེད། ཝུ་ར་ཀུའེ་ཧྥོ་ལོ་ལི་ཏ་ཞིང་ཆེན་གྱི་ཧྲེང་ཀྲང་ཁཱ་ལུའོ་སི·ཨེན་ཞི་སུའོ་ཡིས། “ང་ཚོས་རིག་ལྡན་ཞིང་ལས་གསར་སྤེལ་དང་། ཐོན་ལས་མ་འཇོག་ཐད་ཀྲུང་གོ་ཕྱོགས་དང་མཉམ་ལས་ཟབ་ཏུ་བཏང་ནས་ཞིང་ལས་དེ་གཅིག་སྡུད་ཅན་ལ་ཕྱོགས་སྒྱུར་ཡོང་བར་སྔར་བས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    ཁོ་ལོམ་པི་ཡའི་ཚོང་དོན་བཟོ་ལས་དང་ཡུལ་སྐོར་པུའི་པུའུ་ཀྲང་ཏའེ་ཨན་ནཱ·མོ་ལ་ལའེ་སི་ཡིས་ལ་ཏིང་མེ་གླིང་རྒྱལ་ཁབ་དང་ཀྲུང་གོའི་དབར་ཚོང་ཟོག་ཚོང་དོན་གྱི་འགྲོ་འོང་ཡོད་པ་མ་ཟད། དམངས་སེམས་གཅིག་ཏུ་འབྲེལ་བའི་འབྲེལ་ཐག་དང་ཐུན་མོང་འཕེལ་རྒྱས་ཀྱི་འབྱུང་འགྱུར་ཡང་ལྡན་པས། “ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཉིས་ཁེ་གཉིས་ཕན་ཡོང་བ་མ་ཟད། དམངས་འཚོར་ཡང་ཕན་པ་འདོགས་རྒྱུ་རེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།