ཀྲུང་གོའི་ཁེ་ལས་ཀྱིས་ཕེ་རུར་གློག་རླངས་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་བས། ལི་མའི་གྲོང་འདབས་ཀྱི་མི་ཁྲི་5ལྷག་ཙམ་ལ་ཕན་པ་ཐོབ་པ།
“གློག་ཁྲིད་པས་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་སོང”
མཚན་མོའི་དུས་སུ། ཕེ་རུའི་རྒྱལ་ས་ལི་མའི་བྱང་རྒྱུད་ཀྱི་ཨན་ཁུང་ས་ཁུལ་དུ་ཁྲ་ཆིལ་ཆིལ་གྱི་གློག་འོད་རབ་ཏུ་གསལ་ཞིང་། སྔོན་ཆད་མཚན་མོའི་དུས་སུ་ནག་ཐིང་ཐིང་དང་ཁུ་སིམ་པའི་ཁྲོམ་གཞུང་དུ་ད་ཆ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་དོད་པོ་ཡོད་པ་རེད།
2024ལོའི་ཟླ་12པར། ཀྲུང་གོ་ལྷོ་ཕྱོགས་གློག་དྲས་མ་རྐང་ཚོད་འཛིན་བྱས་པའི་ཕེ་རུ་པོ་ལུའུ་ཙི་ནུས་རྒྱུ་མ་རྐང་ཚད་ཡོད་ཀུང་སིས(གཤམ་དུ“པོ་ལུའུ་ཙི་ཀུང་སི”ཞེས་བསྡུ་རྒྱུ)“ཁྱིམ་ཚང་ཁྲི་སྟོང་གི་གློག་སྒྲོན”ལས་གྲྭ་གྲོང་མི་སོ་ཧྥེ་ཡཱ་སྡོད་སའི་སྡེ་ཁུལ་དུ་སྤེལ་ཞིང་། གྲོང་མིའི་སྡོད་ཁང་དུ་གློག་དྲ་ཁྲིད་པས། སོ་ཧྥེ་ཡཱའི་ཁྱིམ་དུ་གློག་སྒྲོན་བསྒར་ཞིང་འཁྱགས་སྒམ་ཉོས་པ་མ་ཟད། ཁོ་མོའི་བཟའ་ཟླས་སྡེ་ཁུལ་གྱི་ལམ་མདོར་ཁྲོམ་བཀྱག་ཅིག་ཀྱང་བཙུགས་ཡོད། “གློག་ཁྲིད་པས་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་སོང”ཞེས་གྲོང་མི་སོ་ཧྥེ་ཡཱས་གད་མོ་དགོད་ཀྱིན་བརྗོད།
ཨན་ཁུང་དུ་གནས་པའི་ཨཱ་སི་ཕུ་ལོ་ཏན་སྡེ་ཁུལ་ཡང་དེ་སྔོན་དུས་ཡུན་རིང་པོར་གློག་བརྟན་པོ་མེད། 2024ལོའི་ཟླ་11པར། “ཁྱིམ་ཚང་ཁྲི་སྟོང་གི་གློག་སྒྲོན”ལས་གྲྭས་ཁྱིམ་ཚང་2200ལྷག་ཙམ་ལ་གློག་དྲ་ཁྲིད་པ་དང་སྦྲགས། འགྲོ་ལམ་གཙོ་བོའི་གཞོགས་གཉིས་སུ་ལམ་སྒྲོན་བསྒར་བ་རེད། གྲོང་མི་ཨེ་ཏེ་ཧྭ་ཏོ·ཁན་ཁྲ་ནོ་ཡིས། “ཡང་ལཱ་སྤོར་བའམ་སྦར་ཉུལ་བརྒྱབ་ནས་ལས་ཀ་བྱེད་དགོས་པའི་དུས་ཚོད་མཇུག་འགྲིལ་སོང”ཞེས་བརྗོད། ངོ་སྤྲོད་བྱས་པར་གཞིགས་ན“ཁྱིམ་ཚང་ཁྲི་སྟོང་གི་གློག་སྒྲོན”ལས་གྲྭ་ལག་ལེན་བསྟར་ཚུན། ལི་མ་གྲོང་འདབས་ཀྱི་ཁྱིམ་ཚང་ཁྲི་1.3ལྷག་ཙམ་དང་། ཁེ་ལས་འབྲིང་ཆུང་། སློབ་གྲྭ་སོགས་སུ་གློག་རླངས་སྒྱུར་བཀོད་བྱས་པས། མི་ཁྲི་5ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ལས་གྲྭ་དེ་མུ་མཐུད་སྤེལ་བ་དང་བསྟུན་ནས། གློག་སྒྲོན་རེ་རེས་སྡེ་ཁུལ་དབུལ་པོའི་ཁྲོམ་གཞུང་ལ་འོད་སྣང་སྦྱིན་པ་མ་ཟད། མི་དེ་བས་མང་བའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལམ་བུ་གསལ་བར་བྱས་ཡོད་པ་རེད།
“དངོས་འབྲེལ་དབུལ་པོ་ཉུང་དུ་གཏོང་བའམ་དབུལ་པོ་ལས་སྒྲོལ་དགོས་ན། སྡེ་ཁུལ་གྱི་གྲོང་མི་དེའི་ནང་ཞུགས་མཁན་ལ་འགྱུར་བར་བྱས་ཏེ། ‘སློབ་གསོ—ལས་ཞུགས—དབུལ་སྒྲོལ’གྱི་འཁོར་རྒྱུག་བཟང་པོ་མཉམ་དུ་གཏོད་དགོས”ཞེས་པོ་ལུའུ་ཙི་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཝེན་ཐའོ་ཡིས་བརྗོད། ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སིས་དམིགས་བསལ་ཆོག་ཁྲོལ་ཚོང་གཉེར་ཁུལ་གྱི་ལོ་17ཡན་གྱི་གཞོན་ནུར་ལག་རྩལ་སློབ་གསོའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲད་པ་དང་། མིག་སྔའི་བར། ཁྱོན་གཞོན་ནུ་900ལྷག་ཙམ་ལ་བྱ་དགའི་དངུལ་གྱི་རོགས་སྐྱོར་ཐོབ་ཡོད་ཅིང་། དེའི་ནང་བུད་མེད་91ཡོད། ལོ་20ལ་སོན་པའི་པུ་ལོན་ཏཱ·ཨོར་ཏི་སི་ནི་དེའི་གྲས་ཤིག་ཡིན་པ་དང་། ཁོ་མོས“འབྱུང་འགྱུར་ཀྲུང་གོར་སྔོན་ཐོན་གྱི་གློག་ཤུགས་ལག་རྩལ་སྦྱངས་ནས། སྡེ་ཁུལ་གྱི་དམངས་ཚོགས་ལ་ཕན་པ་སྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།