ཟླ་དང་པོ་ནས་བཅུ་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་1.9%འཕར་བ།
ཟླ་བརྒྱད་པ་ནས་བཟུང་རིམ་རྩིས་བརྒྱབ་ན་འཕར་ཚད་ཟླ་བ་གསུམ་བསྟུད་མར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།
གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་དང་པོ་ནས་བཅུ་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་1.9%འཕར་བ་དང་། ད་ལོའི་ཟླ་བརྒྱད་པ་ནས་བཟུང་རིམ་རྩིས་བརྒྱབ་ན་འཕར་ཚད་ཟླ་བ་གསུམ་བསྟུད་མར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་1.8%འཕར་ནས་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་སླར་གསོ་ཡོང་བར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། ཟླ་བཅུ་པར། ན་ནིང་དུས་མཚུངས་ཀྱི་གཞི་གྲངས་ཅུང་མཐོ་རུ་ཕྱིན་པ་དང་ནོར་དོན་གྱི་འགྲོ་གྲོན་ཅུང་འཕར་མགྱོགས་པ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པས། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་5.5%ཆག་ཡོད།
སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་ཅུང་མགྱོགས་པོ་འཕར་ཞིང་། ཟླ་དང་པོ་ནས་བཅུ་པའི་བར་གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་7.8%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོངས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས་2.8འཕར་བར་སྐུལ་ཁྲིད་ཐུབ་པ་དང་། ཁེ་སྤོགས་བསྡོམས་འབོར་གྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོངས་ཀྱི་ཁེ་སྤོགས་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་38.5%ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.0མཐོ་རུ་ཕྱིན་ཏེ་བཟོ་ལས་ཁེ་ལས་ཀྱི་ཕན་འབྲས་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།
ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཕན་འབྲས་ལེགས་སུ་ཕྱིན་ཞིང་། ཟླ་དང་པོ་ནས་བཅུ་པའི་བར་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་8.0%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་6.1གིས་མཐོ་བ་བྱུང་ཡོད། ལས་རིགས་ནས་བལྟས་ན། རིག་ནུས་གློག་རྡུལ་བཟོ་སྐྲུན་འཕེལ་རྒྱས་ལེགས་སུ་ཕྱིན་ཏེ་རིག་ནུས་མི་མེད་འཕུར་སྐྱོད་འཕྲུལ་ཆས་བཟོ་སྐྲུན་དང་རིག་ནུས་འཁོར་ཐོག་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་116.1%དང་114.9%སོ་སོར་འཕར་བ་དང་། གློག་འདྲེན་ཕྱེད་གཟུགས་བཟོ་སྐྲུན་གྱི་ཕན་འབྲས་ཅུང་ལེགས་སུ་ཕྱིན་ནས་འདུས་གྲུབ་གློག་སྐུད་བཟོ་བ་དང་། གློག་རྡུལ་ཆེད་སྤྱོད་རྒྱུ་ཆ་བཟོ་བ། གློག་འདྲེན་ཕྱེད་གཟུགས་དབྱེ་འབྱེད་ལྷུ་ལག་བཟོ་སྐྲུན་བཅས་ལས་རིགས་ཀྱི་ཁེ་སྤོགས་89.2%དང་། 86.0% 17.4%བཅས་སོ་སོར་འཕར་ཡོད།
སྲོལ་རྒྱུན་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་གྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཞིང་། ཟླ་དང་པོ་ནས་བཅུ་པའི་བར་སྲོལ་རྒྱུན་ཐོན་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་ཕན་འབྲས་རགས་ཙམ་མངོན་པ་དང་ཁེ་སྤོགས་ལས་རིགས་ཀྱི་ཆ་སྙོམས་ཆུ་ཚད་ལས་མངོན་གསལ་དོད་པོས་མཐོ་བ་ཡོད། མ་བཅོས་རྒྱུ་ཆའི་ཁྱབ་ཁོངས་ཁག་གི་རྫས་འགྱུར་བཟོ་ལས་དང་ཨར་ལས་རྒྱུ་ཆའི་ལས་རིགས་ཁྲོད། རྡོ་སྣག་དང་ཐཱན་རྒྱུ་ཐོན་རྫས་བཟོ་སྐྲུན་དང་། སྐྱེ་དངོས་རྫས་འགྱུར་ཞིང་སྨན་དང་སྐྱེ་དངོས་ཕྲ་རབ་ཞིང་སྨན་བཟོ་སྐྲུན། རིག་གནས་ལ་སྤྱོད་པའི་ཆ་འཕྲིན་རྫས་འགྱུར་དངོས་རྫས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་77.7%དང་། 73.4% 19.1%བཅས་ཁག་སོ་སོར་འཕར་བ་དེ་རང་ཉིད་གནས་སའི་ལས་རིགས་ཆེ་གྲས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་76.7དང་། 78.8 24.5བཅས་ཁག་སོ་སོར་མཐོ་བ་དང་། རྫས་འགྱུར་ཚི་སྣ་དང་། འགྱིག་རྫས། སྤོས་འགྱིག་ཐོན་རྫས་བཅས་ཀྱི་ལས་རིགས་ཁྲོད། སྐྱེ་དངོས་ཀྱི་རྫས་འགྱུར་ཚི་སྣ་བཟོ་སྐྲུན་དང་བསྐྱར་སྐྱེས་འགྱིག་རྫས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་61.2%དང་15.4%ཁག་སོ་སོར་འཕར་བ་དེ་རང་ཉིད་གནས་སའི་ལས་རིགས་ཆེ་གྲས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་58.3དང་20.4ཁག་སོ་སོར་མཐོ་བ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།