ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་དམངས་འཚོའི་དཀའ་གནད་བསལ་བ།
ལས་བྱེད་གཤམ་སྐྱོད་ལམ་སྲོལ་ཧུར་ཐག་བཙུགས། གཞི་རིམ་བཅོས་སྐྱོང་ཕན་འབྲས་མངོན་གསལ་དོད།
“སྔོན་ཆད་གནད་དོན་སྙན་སེང་ཞུ་བར་སྡེ་ཚན་མང་པོར་སྐྱོད་དགོས་ནའང་། ད་ཆ་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ཟླ་རེའི་ཚེས་10ཉིན་སྡེ་ཁུལ་དུ་ངོ་བཅར་སྣེ་ལེན་ཞུ་ཡི་ཡོད་པས་ངོ་ཐུག་ནས་དོན་དག་གསལ་པོར་ཞུ་ཆོག” ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཅིན་ཤིན་ཁྲོམ་གཞུང་ཧྭ་ཧྲན་སྡེ་ཁུལ་གྱི་གྲོང་མི་ཀྲང་ཞའོ་ཧུང་དེ་སྔ་ཁྲའོ་ཞ་ལམ་དང་ཧྭ་ཧྲན་ལམ་འབྲེལ་མཚམས་ཀྱི་ལམ་མདོར་འགྲིམ་འགྲུལ་སྒྲིག་བཀོད་མི་འདང་བའི་དོན་ལ་སེམས་ཁྲལ་ལངས་ཀྱི་ཡོད་ཅིང་། ཁོང་གིས་སྡེ་ཁུལ་གྱི“འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་མཉམ་འབྲེལ་ངོ་བཅར་སྣེ་ལེན་བྱེད་སྒོར་གནད་དོན་དེ་སྙན་སེང་ཞུས་པ་རེད། ཉིན་ཁ་ཤས་རྗེས་ས་གནས་དེ་གའི་འགྲིམ་འགྲུལ་སྡེ་ཚན་གྱིས་འགྲིམ་འགྲུལ་གློག་སྒྲོན་བསྒར་བ་དང་གཡོན་སྒྱུར་འཁོར་ལམ་མང་དུ་བཏང་བས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རྦད་དེ་བསལ་ཡོད།
ད་ལོ་ནས་བཟུང་། ཐུང་ཀྲོའུ་ཆུས་ཀྱིས“གྲོང་རྡལ་དང་ཁྲོམ་གཞུང་གི་ལས་བྱེད་པ་གཤམ་སྐྱོད་དང་དྲ་མིག་འཐབ་ཕྱོགས་དང་པོའི་མཐུན་རྐྱེན་སྦྱོར་བའི”ཆེད་དོན་བྱ་སྤྱོད་དེ་དམ་འཛིན་བྱ་གཞིར་བྱས་ནས“འཐུས་མི་གཉིས་དང་ཨུ་ཡོན་གཅིག་གྲོང་ཚོར་ངོ་བཅར་སྣེ་ལེན་ཞུ་བ་དང་། ལས་ཁུངས་ཀྱི་ལས་བྱེད་པ་དུད་སྦྲེལ་དུ་ཞུགས་པ། གྲོང་རྡལ་དང་ཁྲོམ་གཞུང་གི་ལས་བྱེད་པ་དྲ་མིག་ཏུ་འཛུལ་ནས་འགན་འཁྲི་སྒྲུབ་པ”བཅས་ཀྱི་རིམ་གསུམ་མཉམ་འགུལ་གཤམ་སྐྱོད་ཀྱི་མ་ལག་བཙུགས་ཏེ། འཐབ་ཕྱོགས་དང་པོར་ཐོན་ཁུངས་བསྡུ་སྒྲིལ་དང་། འཐབ་ཕྱོགས་དང་པོར་གནད་དོན་གསལ་རྟོགས། འཐབ་ཕྱོགས་དང་པོར་འགལ་བ་སེལ་བ་བཅས་ལ་སྐུལ་འདེད་བཏང་ཞིང་། མིག་སྔའི་བར་ཁྱོན་གནད་དོན་ཁག་4014ཤེས་རྟོགས་བྱུང་བ་ལས་གནད་དོན་ཁག་3103ཐག་གཅོད་བྱས་ཟིན་པས་ཐག་གཅོད་བྱེད་ཚད་བཅུ་ཆ་བདུན་ལས་བརྒལ་ཡོད།
“གཞི་རིམ་བཅོས་སྐྱོང་གི་དཀའ་གནད་ནི་ཐོན་ཁུངས་ཀྱི་སྟོབས་ཤུགས་མི་འདང་བ་དེ་ཡིན། ང་ཚོས་གཞི་རིམ་ཏང་འཛུགས་སྐྱོང་གི‘རྩ་བའི་ལས་གྲྭར’སྐུལ་འདེད་གཏིང་ཟབ་བཏང་བ་བརྒྱུད་རིམ་གསུམ་མཉམ་འགུལ་གཤམ་སྐྱོད་མ་ལག་ལ་བརྟེན་ནས་ཐོན་ཁུངས་བསྡུ་སྒྲིལ་དང་སྟོབས་ཤུགས་སྐུལ་སློང་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་དཀའ་གནད་སེལ་བ་མ་ཟད། ཏང་ཡོན་ལས་བྱེད་པས་འཐབ་ཕྱོགས་དང་པོར་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དུ་འཇུག་གི་ཡོད”ཅེས་ཐུང་ཀྲོའུ་ཆུས་ཨུད་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད། ད་ཆ་ཐུང་ཀྲོའུ་ཆུས་ཀྱི་ཁེ་ལས་ཀྱི་འཁོར་ཁང་དང་ཞིང་ནང་དང་མུ་ཁར་རྟག་ཏུ་ལས་བྱེད་པའི་བྲེལ་བརྩོན་གྱི་གཟུགས་བརྙན་མཐོང་ཐུབ། ཁོང་ཚོས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོའི་དཀའ་གནད་བསལ་ཏེ་མང་ཚོགས་ཀྱི་ཁྲོད་གཞི་རིམ་ཏང་འཛུགས་སྐྱོང་གི“རྩ་བ”རྒྱས་སུ་བཅུག་ཡོད།
འབྲེལ་ཡོད་གསར་འགྱུར།