སྣ་འདུས་ཐབས་བཟང་སྤྱད་ནས་སུར་པན་གྱི་ཐོན་ལས་འཕེལ་རྒྱས་བཏང་བ།
—— སྣང་རྫོང་གིས་སུར་པན་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་མ་ལག་བཏོད་པ།
བོད་ཀྱི་སུར་པན་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པའི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་ལ་བརྟེན་ནས་ཁ་ཚ་ལ་རྡོག་པོ་ཆེ་ཞིང་བྲོ་བ་ཞིམ་པའི་སྣང་རྫོང་གི་སུར་པན་འདེབས་གསོ་བྱས་ཤིང་། ད་ཆ་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་2300ལྷག་ཙམ་ཟིན་པའི“ཐོན་ལས་ཆེན་པོར”གྱུར་པ་དང་། དུད་ཚང་1560ཡི་མི་4675ལ་སྐུལ་ཁྲིད་བྱས་ཏེ་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.05བྱུང་ཡོད།
སྲིད་ཇུས་ཀྱི་ཁྲིད་སྟོན་ལ་བརྟེན་ནས་སུར་པན་གྱི་ཐོན་ལས་ཡག་པོ་བཏོད་པ།
སུར་པན་ཐོན་ལས་ཀྱི་གྲུབ་འབྲས་དེ་ནི་འབད་མེད་ལྷུན་གྲུབ་ཅིག་མ་ཡིན་པར། 2018ལོར་སྣང་རྫོང་དུང་དཀར་གྲོང་རྡལ་དུ་སུར་པན་འདེབས་པའི་ཚོད་ལྟའི་ལས་དོན་ཐོག་མར་སྤེལ་མོད། འོན་ཀྱང་རྨང་གཞིའི་སྒྲིག་བཀོད་ཆ་མི་ཚང་བ་དང་། ཐོན་ལས་ཀྱི་ལེ་ལག་མི་འདང་བ། ཞབས་ཞུའི་མ་ལག་འཐུས་སྒོ་ཚང་པོ་མེད་པ་བཅས་ཀྱིས་རྐྱེན་པས་མང་ཚོགས་ཀྱི་འདེབས་འཛུགས་ཧུར་སེམས་ཆུང་བ་དང་ཁྲོམ་རའི་ཚོང་ལམ་གཤོང་དཀའ་བའི་གནད་དོན་འཕྲད་པ་མ་ཟད། ད་དུང་འདེབས་ཁྱོན་ཆེ་རུ་ཕྱིན་རྗེས། སུར་པན་གྱི་སྤུས་ཀ་ཞན་དུ་སོང་བ་སོགས་ཀྱི་གནད་དོན་ཐོན་ནས་ཐོན་ལས་ཀྱི་བྲིན་ཚོང་ལ་དཀའ་ངལ་འཕྲད་ཡོད།
དཀའ་ངལ་གྱི་མདུན་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ། “སྲིད་ཇུས་ཀྱིས་ཁྲིད་སྟོན་དང་། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ། སྣེ་མང་འཕེལ་རྒྱས་གཏོང་བ”བཅས་ཀྱི་ཕྱུག་འགྱུར་རྣམ་པ་དམ་འཛིན་བྱ་གཞིར་བྱས་ཏེ། ས་མཐོའི་ཁྱད་ཆོས་དང་ཉིང་ཁྲིའི་ཁྱད་ཆོས་ལྡན་པའི་སུར་པན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱས་ཡོད།
སྲིད་ཇུས་མ་ལག་ལ་བརྟེན་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཞིང་། 《སྣང་རྫོང་གི་སུར་པན་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འཆར་འགོད》དང《སྣང་རྫོང་གི་སུར་པན་འདེབས་གསོའི་ཇུས་གཞི》སོགས་སྲིད་ཇུས་དང་ལམ་ལུགས་བཟོས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་། དམིགས་ཚད་ལས་འགན། ལག་རྩལ་གྱི་ཚད་གཞི་བཅས་ཁ་གསལ་བཟོས་ཏེ་སོན་གསོ་དང་། འདེབས་འཛུགས། འཐུ་བསྡུ། མཛོད་འཇུག་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་རྗེས་སྙེག་ཞབས་ཞུའི་མ་ལག་བཙུགས་ཡོད།
2025ལོར་རྫོང་ཡོངས་ཀྱིས་སུར་པན་གྱི་མྱུག་གསོའི་ཁ་གསབ་སྒོར་ཁྲི་42.24སྤྲད་ནས་ཞིང་འབྲོག་པ་དང་། གྲོང་ཚོའི་མཉམ་སྡེབ། མཉམ་ལས་ཁང་། ཁེ་ལས་བཅས་ཐོན་ལས་འཕེལ་རྒྱས་ལ་ཞུགས་རྒྱུར་སྐུལ་ལྕག་བྱས་ཡོད། ལྗོངས་ཡོངས་ཀྱི་སྔོན་ལ་ཞིང་ཞོར་ཐོན་ཟོག་གི་ཐོན་སྐྱེད་རིན་ཐང་གི་འགན་བཅོལ་ཁྱབ་གདལ་བཏང་བར་ལོ་དེའི་འགན་བཅོལ་ཞུ་གྲོན་སྒོར་ཁྲི་31དང་གནས་ཐང་འགན་ལེན་སྒོར་ཁྲི་620བྱས་པར་ནད་དང་གནོད་འབུའི་གནོད་འཚེ་དང་། རང་བྱུང་གི་གནོད་འཚེ། ཁྲོམ་རའི་རིན་གོང་འཕར་ཆག བྲིན་ཁ་མི་རྒྱུག་པ་སོགས་ཀྱི་ཉེན་ཁ་ཚུད་ཡོད་པ་དང་གུན་གསབ་མཐོ་ཤོས་80%ཟིན་ནས་ཐོན་ལས་འཕེལ་རྒྱས་ལ“འགོག་སྲུང་དྲ་བ”བརྟན་པོ་ཞིག་བསྐྲུན་ཡོད།
ཚན་རྩལ་གྱི་མཐུན་རྐྱེན་ལ་བརྟེན་ནས་སུར་པན་གྱི་ཐོན་ལས་སྟོབས་ཆེར་བཏང་བ།
ཐོན་སློབ་ཞིབ་གསུམ་ལ་བརྟེན་ནས་སོན་བཟང་འདེབས་གསོ་བྱས་ཤིང་། “སྲིད་གཞུང་དང་། ཁེ་ལས། ཚན་ཞིབ་ཁང”བཅས་ཟུང་འབྲེལ་གྱི་གསར་གཏོད་བྱེད་སྟངས་འཚོལ་ཞིབ་བྱས་པ་དང་། ཞིང་ལས་གྲོང་གསེབ་པུའུ་ཡི་ཁ་གཏད་རོགས་སྐྱོར་འོག ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་སྔོ་ཚལ་དང་མེ་ཏོག་ཞིབ་འཇུག་སུའོ་དང་མཉམ་ལས་གཏིང་ཟབ་བྱས་ནས“རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས”དང་མི་6གི་ཆེད་ལས་ལག་རྩལ་ཞབས་ཞུའི་ཚོགས་པ་བཙུགས་ཏེ། ནད་འགོག་རང་བཞིན་ཆེ་བ་དང་མུའུ་རེར་ཐོན་འབབ་རྒྱ་མ་1000འཕར་བའི“གླང་རྭ་ཆུང་ཆུང”དང་སྡོང་རྐང་ཐུང་ཞིང་ཉལ་འགོག་རང་བཞིན་གྱི“སུར་པན་ཆུང་ཆུང”སོགས་ལེགས་བཅོས་སོན་སྣ་ལེགས་འདེམས་ཡག་སྒྲུག་བརྒྱབ་ཅིང་། རྒྱུད་གཙང་སྣ་ཁ་4དང་རྒྱུད་འདྲེས་སྣ་ཁ་2འདེབས་གསོ་ལེགས་གྲུབ་བྱུང་བ་རེད།
ལག་རྩལ་ཁྱབ་གདལ་བཏང་ནས་སྤུས་ཕན་གཉིས་ཀ་ཆེ་རུ་བཏང་ཞིང་། སྣང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཞིང་ལས་ལག་རྩལ་ཁྱབ་སྤེལ་ས་ཚིགས་ཀྱི་ཀྲེན་ཀྲང་དང་མཐོ་རིམ་ཞིང་ལས་ལག་རྩལ་པ་ཟླ་བ་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་སྣང་རྫོང་དུ་སུར་པན་ལ་གཅིག་གྱུར་གྱི་སོན་འདེབས་མྱུག་གསོ་དང་། གཅིག་གྱུར་གྱི་དངོས་ཟོག་འགན་སྲུང་། གཅིག་གྱུར་གྱི་འདེབས་འཛུགས་གཡོག་བྱེད། གཅིག་གྱུར་གྱི་ལག་རྩལ་གསོ་སྦྱོང་། གཅིག་གྱུར་གྱི་བརྔ་བསྡུ་སྒྲིག་འཛུགས། གཅིག་གྱུར་གྱི་མ་དངུལ་གཏོང་སྤྲོད་བྱེད་སྟངས་བཅས་ཁྱབ་སྤེལ་བཏང་ནས་སུར་པན་གྱི་སྤུས་ཀར་འབྱུང་རྩ་ནས་དོ་དམ་དང་སྤུས་རྟགས་ཀྱི་མིང་གྲགས་ཆེ་རུ་གཏོང་གི་ཡོད་པས། སྣང་རྫོང་སུར་པན་གྱི་སྤུས་ཀ་དང་ཐོན་འབབ་ཇེ་མཐོར་སོང་ཡོད་པ་རེད།
སྣ་མང་འཕེལ་རྒྱས་ལ་བརྟེན་ནས་མཉམ་འདྲེས་ལ་སྐུལ་འདེད་བཏང་བ།
བྱེད་པོ་སྣ་མང་ཞུཌ་ནས་མཉམ་འདྲེས་ལ་སྐུལ་འདེད་བཏང་ཞིང་། སྣང་རྫོང་གི་གྲོང་གསེབ་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིས“མངཌ་ཐོའི་ཞིང་ལས”བརྒྱུད་རིན་གོང་འགན་ལེན་ཉོ་སྒྲུབ་གྲོས་མཐུན་བཞག་ནས། ཁེ་ཕན་བརྟན་པོའི་འབྲེལ་བ་བཙུགས་པ་དང་། “ཁེ་ལས་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་གཅིག་སྡུད་ཉོ་སྒྲུབ་དང་ཕྱིར་ཚོང་བྱས་ཏེ་མང་ཚོགས་ཀྱི་ཕྱིར་ཚོང་ཐད་ཀྱི་སེམས་ཁྲལ་བསལ་ཡོད། སྣང་རྫོང་གྲོང་གསེབ་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་11པའི་བར། སུར་པན་ཏུན་964གཅིག་སྡུད་ཉོ་སྒྲུབ་བྱས་ནས། ཤང་དང་གྲོང་རྡལ་4ཡི་མང་ཚོགས་དུད་ཚང་1560ལ་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.05འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། གྲོང་མདའ་གྲོང་རྡལ་གྲོང་མདའ་གྲོང་ཚོའི་གྲོང་མི་བཀྲ་ཤིས་གཡང་འཛོམས་ཀྱིས“2024ལོར་ངས་བཏབ་པའི་སུར་པན་ལ་ཡོང་འབབ་སྒོར་ཁྲི་2.7བྱུང་། ད་ཆ་འཚོ་བ་སྔར་བས་སྐྱིད་དུ་ཕྱིན་ཡོད”ཅེས་བཤད།
སྣང་རྫོང་གྲོང་མདའ་གྲོང་རྡལ་གྱི་ཞིང་འབྲོག་ཆེད་བསྐོས་པ་བཀྲ་ཤིས་ལྷག་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་གྲོང་མདའ་གྲོང་ཚོར་སུར་པན་མུའུ་150ལྷག་ཙམ་ཡུག་གཅིག་ཏུ་བཏབ་པས། དེའི་ནང་ཞུགས་མཁན་ཞིང་དུད་ཀྱི་ཆ་སྙོམས་ཡོང་འབབ་དམའ་ཤོས་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད། “སུར་པན་ཆུང་ཆུང”དེ་དག་མང་ཚོགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུར་འགྱུར་བཞིན་ཡོད།
སྣང་རྫོང་གྲོང་གསེབ་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་སྐྱེད་ལས་རིམ་ཡང་འཁོར་སྐྱོད་མྱུར་པོ་བྱེད་བཞིན་ཡོད་ཅིང་། རིམ་རྩིས་བརྒྱབ་ན། སུར་པན་ཏུན་165བསྙལ་བ་དང་། “སྣང་སྦྱིན་ལྗགས་བྲོའི”ཐོན་རྫས་སྣ་ཚོགས་ཤེལ་དམ་ཁྲི་9.6དང་། “ཨོ་དགའ་དགའ”ཡི་ཐོན་རྫས་སྣ་ཚོགས་ཤེལ་དམ་ཁྲི་6.35 སུར་པན་སྐམ་པོ་ཤེལ་དམ་ཁྲི་11.08བཅས་ཐོན་སྐྱེད་བྱས་པར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་1861བྱུང་ཡོད། ད་ཆ་སྣང་རྫོང་གི་སུར་པན་དམར་འདུར་དྲ་ཐོག་དང་དྲ་ཕྱིར་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ནས་ཉོ་ཐུབ་པ་མ་ཟད། ད་དུང་ཀུའེ་ཀྲོའུ་དང་། ཀོང་ཏུང་། ཨན་ཧུའེ་སོགས་སུའང་འཚོང་གི་ཡོད།
འབྲེལ་ཡོད་གསར་འགྱུར།