ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་ཚོང་འདུས་སྐབས་45པ་འགོ་ཚུགས་པ།
ཟླ་12ཚེས་1ཉིན། ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་ཚོང་འདུས་སྐབས་45པ་སྣེ་གདོང་ཆུས་ལོ་ཆུང་ཁྲོམ་རར་འགོ་ཚུགས་ཤིང་། སྐབས་འདིའི་ཚོང་འདུས་ཉིན་བདུན་འཚོག་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཚོང་འདུས་སུ་ཁྱད་ལྡན་འགྲེམས་ཁུལ་9དང་ཁྱོན་བསྡོམས་ཚད་ལྡན་ཅན་གྱི་འགྲེམས་གནས་2621བཀོད་སྒྲིག་བྱས་ཡོད་པས། དེ་སྔོན་དང་བསྡུར་ན་གཞི་ཁྱོན་སྔར་བས་ལེགས་སུ་དང་ཆེ་རུ་ཕྱིན་ཡོད། ལྷོ་ཁའི་རྫོང(ཆུས་དང་གྲོང་ཁྱེར)ཁག་དང་། ཉེ་འཁོར་གྱི་ས་ཁུལ་དང་གྲོང་ཁྱེར། རྒྱལ་ནང་གི་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)མང་པོ་ནས་ཡོང་བའི་ཚོང་པ་དང་། དེ་བཞིན་ནེ་པ་ལ་དང་། འབྲུག་ཡུལ། ཕ་ཁི་སི་ཐན་སོགས་ཉེ་འཁོར་རྒྱལ་ཁབ་ནས་ཡོང་བའི་ཚོང་པ་ལྷན་དུ་འཛོམས་ཡོད། མཚོ་སྨད་ཀྱི་ཚགས་ཤ་དང་། རྒྱ་ཚའི་སྟར་ཁ། གྲ་ནང་གི་སྣམ་བུ། ལྷོ་བྲག་གི་བྲ་ཕྱེ་སོགས་ཀྱི་ཁྱད་ལྡན་ཐོན་རྫས་གཅིག་སྡུད་འགྲེམས་འཚོང་བྱས་ཏེ། གྲོང་མི་མང་ཚོགས་མང་པོས་འདེམས་ཉོ་བྱེད་པའི་ཡིད་དབང་འཕྲོག་ཡོད་པ་རེད།
འགྲེམས་ཚོགས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་པེ་ཅིང་ཞེ་ཧོ་སྨན་ཁང་དང་། ཀྲུང་གོ་གསོ་རིག་ཚན་རིག་ཁང་ཧྥུ་ཝེ་སྨན་ཁང་། བོད་སྐྱོར་ཞིང་ཆེན་སྨན་བཅོས་རུ་ཁག་སོགས་རིགས་གཅིག་མཁས་ཅན་40ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས། མང་ཚོགས་ལ“གཅིག་འཐུས་རྣམ་པའི”བདེ་ཐང་ཞབས་འདེགས་ཞུ་ཡི་ཡོད། འཛད་སྤྱོད་ཀྱི་གཏིང་ཤུགས་འཕེལ་བར་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་ནོར་སྲིད་མ་དངུལ་སྒོར་ཁྲི་900སྤྱི་འདོམས་བྱས་ཏེ་འཛད་སྤྱོད་ཀྱི་ཚད་ལོན་གོང་གཅོག་ཁ་གསབ་ཏུ་སྤྱད་པ་དང་། འཛད་སྤྱོད་པས་དྲ་ཐོག་ནས་དངུལ་སྤྲད་ཚེ་གཟིགས་སྐྱོང་ལོངས་སྤྱོད་ཐུབ་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།