གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཚོགས་པོ་གྲོང་ཚོའི་དུད་ཚང་193གྱི་མང་ཚོགས་སྡོད་ཁང་གསར་པར་བདེ་བླག་ངང་སྤོས་པ།
ཉེ་ཆར། ཀྲུང་གོ་འཛུགས་སྐྲུན་ཅུས་དྲུག་པའི་གྲོང་ཁྱེར་འཛུགས་སྐྲུན་ཀུང་སིས་སྐྲུན་འགན་ཁུར་བའི་བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས(ལྷ་རྩེ་རྫོང)ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཚོགས་པོ་གྲོང་ཚོའི་དུད་ཚང་193གྱི་མང་ཚོགས་སྡོད་ཁང་གསར་པར་བདེ་བླག་ངང་སྤོས་པ་དང་འབྲེལ། ལམ་དང་། ཆུ། གློག་བཅས་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེའི་འཛུགས་སྐྲུན་གྱི་ནང་དོན་གྲས་སུ་ཚོགས་པོ་གྲོང་ཚོ་སོགས་རང་བྱུང་གྲོང་ཚོ་གསུམ་གྱི་དུད་ཚང་193གྱི་མང་ཚོགས་ཚོའི་སྡོད་ཁང་དང་། གྲོང་ཚོའི་ཆུ་མཁོ་སྤྲོད་དང་། ཆུ་འབུད། གློག་རླངས། གྲོང་ཚོའི་འགྲོ་ལམ་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་བསྐྱར་སྐྲུན་བྱ་རྒྱུ་ཚུད་ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.76ཙམ་ཟིན་ཡོད། སླར་གསོ་བསྐྱར་བསྐྲུན་ལས་དོན་སྤེལ་འགོ་ཚུགས་རྗེས་ཀྲུང་གོ་འཛུཌ་སྐྲུན་ཅུས་དྲུག་པའི་གྲོང་ཁྱེར་འཛུགས་སྐྲུན་ཀུང་སིའི་ཧྲན་ཏུང་ཡན་ལག་ཀུང་སིས་ལམ་སེང་མི་སྣ་དང་། སྒྲིག་ཆས། དངོས་ཟོག་བཅས་བཀོད་གཏོང་བྱས་ཤིང་། ཏང་ཡོན་གྱི་གདོང་ལེན་ལས་གནས་དང་གཞོན་ནུའི་འཕྲལ་སྒྲུབ་རུ་ཁག་སྒྲིག་འཛུགས་ཀྱིས་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱོད་ནས། ས་བབ་མཐོ་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་ཆུ་ཚོད་48ཡི་ནང་དཔེ་རིས་ཞིབ་བཤེར་དང་གནས་སྐབས་སྟབས་བདེའི་ཁང་པ་བརྒྱབ་སྟེ་ཉིན་ལྔ་ཡི་ནང་ལས་ཡུལ་ཁོད་སྙོམས་པོ་བཟོས་པ་མ་ཟད། ཉིན་120ཡི་ནང་ཁང་པ་སྟར་པ་193གྱི་བཀོད་པ་གཙོ་བོའི་ཐོག་བཀབ་ལ། ཉིན་150ཡི་ནང་ཚང་མ་རྩིས་སྤྲད་ཡོད། རྣམ་གྲངས་ཚོགས་པས“ཐེ་ཞུགས་རྣམ་པའི་ཇུས་འགོད”ཀྱི་འདུ་ཤེས་ལག་ལེན་བསྟར་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁང་པའི་བཟོ་ལྟ་ལེགས་སྒྲིག་དང་བེད་སྤྱོད་ནུས་པ་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པ། “གུད་གསབ་ལས་སྤྲོད”བྱེད་པ། ས་གནས་དེ་གའི་མང་ཚོགས་ལས་མིར་བསྡུ་བ་བཅས་བྱས་ཡོད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འཛུགས་སྐྲུན་པ་དང་ས་གནས་དེ་གའི་བོད་རིགས་སྤུན་ཟླས་ཕན་ཚུན་སློབ་སྦྱོང་དང་མཉམ་དུ་ངལ་རྩོལ་བྱས་པས་ཁྱིམ་གཞིས་འཛུགས་སྐྲུན་ཐུབ་པ་མ་ཟད། ཕུགས་ཀྱི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་དེ་བས་ཀྱང་ཡུན་རིང་གི་སྒུལ་ཤུགས་བསྣན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།