བོད་ཀྱི་ཚན་རིག་ཁྱབ་གདལ་རིགས་གཅིག་མཁས་ཅན་གྱི་སྙན་སེང་ཚོགས་པ་ཉིང་ཁྲིར་བསྐྱོད་པ།
ཉེ་ཆར། ཀྲུང་གོ་ཚན་རིག་མཐུན་ཚོགས་ཚན་རིག་ཁྱབ་གདལ་པུའུ་དང་རང་སྐྱོང་ལྗོངས་ཚན་རིག་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་ཚན་རིག་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི་2025ལོའི་བོད་ཀྱི་ཚན་རིག་ཁྱབ་གདལ་རིགས་གཅིག་མཁས་ཅན་གྱི་སྙན་སེང་ཚོགས་པས་ལས་ཁུངས་སུ་སྙན་སེང་ཞུ་བའི་བྱེད་སྒོ་བོད་ལྗོངས་ཞིང་འབྲོག་སློབ་ཆེན་དུ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ཀྲུང་གོ་ཚན་རིག་ཁང་དངོས་ཁམས་རིག་པ་དང་རྫས་འགྱུར་རིག་པའི་ལག་རྩལ་ཞིབ་འཇུག་སུའོ་དང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཉིས་ཀྱིས་ཁ་བྱང་དུ《དྲོད་ཚད་ཚན་རིག་ནས་ལག་རྩལ་མཐོ་བའི་འཕེལ་རྒྱས་བར》དང《ཞིང་ལས་སྐྱེ་ཁམས་མ་ལག་བཟོ་སྐྲུན་དང་གྲངས་འཛིན་ཞིང་ལས་བཟོ་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན》ཞེས་འཁོད་པའི་ཚན་རིག་ཁྱབ་གདལ་སྐོར་གྱི་འཆད་ཁྲིད་སོ་སོར་བྱས་ཤིང་། དྲོད་ཚད་དམའ་བའི་ལག་རྩལ་དེ་ཉིད་ནུས་རྒྱུ་དང་། བཟོ་ལས། ཚན་ཞིབ་སོགས་ཁྱབ་ཁོངས་སུ་གསར་གཏོད་བཀོལ་སྤྱོད་དང་། དྲོད་ཚད་ཀྱིས་ལག་རྩལ་མཐོ་བའི་ཐོན་ལས་རིམ་སྤོར་ལ་འདེགས་སྐྱོར་ཇི་ལྟར་བྱེད་པ། ཞིང་ལས་སྐྱེ་ཁམས་སྲུང་སྐྱོང་དང་། ལོ་ཏོག་གཡོག་བྱེད། ཐོན་ཁུངས་ལེགས་གཏོང་བཀོད་སྒྲིག ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན། ཞིང་ལས་སྐྱེ་ཁམས་བདེ་འཇགས་འགན་སྲུང་སོགས་ཐད་ཀྱི་གྲངས་འཛིན་ལག་རྩལ་གྱི་ལག་ལེན་ཉེར་སྤྱོད་སོགས་ཀྱི་ནང་དོན་འཆད་ཁྲིད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་ཚན་རིག་མཐུན་ཚོགས་ཚན་རིག་ཁྱབ་གདལ་པུའུ་ཡིས་ལག་རྩལ་གསར་ཤོས་ཀྱིས་ས་གནས་ཀྱི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱི་ལས་བྱེད་ལས་བཟོ་དང་སློབ་གྲྭར་ཡོད་པའི་དགེ་སློབ་ཚོར་ཚན་རྩལ་གྲུབ་འབྲས་ཐག་ཉེ་ས་ནས་ཤེས་རྟོགས་བྱེད་པའི་སློབ་སྦྱོང་གི་ལས་སྟེགས་སྐྲུན་པ་དང་། “ཚན་རྩལ་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི”ཐུན་མོང་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ། ཚན་རྩལ་གྲུབ་འབྲས་ས་གནས་ཀྱི་ལག་ལེན་དང་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།