དཀའ་བ་ཁྱད་བསད་ཤིང་འཛུགས་ནགས་བཟོ་བྱས། རི་རྒོད་ཐང་སྟོང་སྔོ་ལྗང་གོས་ཀྱིས་བརྒྱན།
—— ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྐོར་གྱི་སྒྲིལ་གླེང་།
སྟོན་མཇུག་ཏུ་ལྷ་སའི་ལྷོ་རིའི་སྤྱི་གླིང་གི་ལྗོན་ཤིང་གསེར་མདོག་ནས་དམར་མདོག་ཏུ་རིམ་བཞིན་གྱུར་ནས་ལྟ་བས་མི་ངོམ་པའི་མཛེས་ལྗོངས་ཤིག་མིག་ལམ་དུ་འཆར།
“2021ལོར་སྤེལ་འགོ་ཚུགས་པའི་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ནི་བོད་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་བའི་ཤིང་འཛུགས་ནགས་བཟོའི་སྐྱེ་ཁམས་ཉམས་གསོའི་ལས་གྲྭ་གལ་ཆེན་དང་པོ་དེ་ཡིན་པ་དང་། ལྷ་ས་སྐྱིད་ཆུ་གཙོ་རྐང་དུ་བྱས་པ་དང་། གཞོགས་གཉིས་ཀྱི་རི་བོའི་ལ་སྒང་གི་མཐོང་ཐུབ་པའི་ཁྱབ་ཁོངས་གཙོ་གནད་དུ་བྱས་ཏེ་ཤར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་དང་ནུབ་ཆུ་ཤུར་རྫོང་ཚ་རགས་ཤང་བར་ཤར་ནུབ་ལ་སྤྱི་ལེ་200ཙམ་མུ་ལ་མུ་ཁྱུད་ཀྱི་ཤིང་འཛུགས་ནགས་བཟོ་བྱས་ཤིང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱེད་ཁྱོན་མུའུ་ཁྲི་206.72ལེགས་སྒྲུབ་བྱས་པའི་ནང་ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་མུའུ་ཁྲི་194.37ཡོད”ཅེས་ལྷ་ས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་སྐལ་བཟང་ནོར་བུས་ངོ་སྤྲོད་བྱས་པ་རེད།
དུས་ཡུན་རིང་པོའི་ནང་ས་མཐོ་བའི་བསམ་ཕྱོགས་ནི་ལུང་གཞུང་དུ་ལྗོན་ཤིང་སྔོ་ཐིང་ཐིང་དང་། རི་ལྡེབས་སུ་སྤང་ལྗོངས་སྔོ་གཤོང་རྒྱས་པ་དེ་ཡིན་ལ། རི་རྒོད་དང་བྱེ་ཐང་དུ་ལྗོན་ཤིང་འཛུགས་པ་ནི་མི་ཕལ་ཆེ་བས་ཡོང་མི་སྲིད་ཅེས་བརྗོད་ཀྱི་ཡོད། དེར་བརྟེན། ས་མཐོར“རི་སྟེང་དུ་ལྗོན་ཤིང་འདེབས་པ”ནི་ལས་སླ་པོ་ཞིག་གཏན་ནས་མིན།
ས་མཐོར་ལྗོན་ཤིང་སྐྱེ་དཀའ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་རླུང་བུ་ཆེན་པོ་ལྡང་མང་བས་རེད། སྐལ་བཟང་ནོར་བུས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་ལྷོ་རི་བྱང་རིར་ལྗོན་ཤིང་འདེབས་སྐབས་རླུང་བུ་ཆེན་པོ་ལྡང་བའི་རྐྱེན་གྱིས་གསར་དུ་བཏབ་པའི་སྡོང་ཕྲུག་གི་བཞའ་ཚན་མགྱོགས་མྱུར་སྐམ་གྱི་ཡོད་པས། ས་མཐོར་འཚམ་པའི་ལྗོན་ཤིང་འདེམས་པ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ལས་འབོར་ཆེ་བ་དང་དེ་གར་འཚམ་པའི་ཤིང་རིགས་ཉུང་བས། དུས་འགོའི་སྡོང་ཕྲུག་ཕྱི་ནས་དབོར་དགོས་པའི་ཁར་ནགས་བཟོའི་ཁེ་ལས་ཁག་གི་སྡོང་ཕྲུག་གི་འབྱུང་ཁུངས་མི་འདྲ་བར་བརྟེན་དེའི་སྤུས་ཚད་ཀྱང་ཆ་མི་སྙོམས་པའི་གནས་ཚུལ་མང་པོ་ཡོད།
དེར་བརྟེན། ལས་གྲྭ་བཀོད་འདོམས་པུས《ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་སྡོང་ཕྲུག་དོ་དམ་བྱ་ཐབས》དང་། 《ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་འགན་སྲུང་རང་བཞིན་གྱི་སྡོང་ཕྲུག་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་གཏན་འབེབས་བྱས་ཏེ་སྡོང་ཕྲུག་ཐོན་སྐྱེད་དང་། གཉེར་སྐྱོང་ནས་སྐྱེལ་འདྲེན་བར་ཚང་མར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་འགན་སྲུང་རང་བཞིན་གྱི་སྡོང་ཕྲུག་ར་བ་བསྐྲུན་ནས་རང་ཡུལ་ཤིང་རིགས་ཀྱི་སྡོང་ཕྲུག་གསོ་སྤེལ་དང་ས་ཆ་གཞན་གྱི་ཤིང་རིགས་ནང་འདྲེན་དང་འདུལ་གསོ་བྱས་ཏེ་ལྷ་སའི་ལྷོ་རི་བྱང་རིའི་ནགས་བཟོར་སྤྱོད་པའི་སྡོང་ཕྲུག་དག་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་སོགས་ཉེ་འགྲམ་ཞིང་ཆེན་གྱི་ས་བབ་མཐོ་བའི་ས་ཁུལ་ནས་དབོར་འདྲེན་བྱེད་པ་མ་ཟད། ཉིན་180རིང་ས་གནས་དེ་གར་འདུལ་གསོ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
ས་མཐོར་རི་མཐོ་ཞིང་གཟར་པོ་ཡོད་པས། སྡོང་ཕྲུག་དང་ས་རྒྱུ་རི་སྟེང་དུ་དབོར་རྒྱུ་དེའང་དཀའ་གནད་ཆེན་པོ་ཞིག་ཡིན། “ད་ལྟ་ང་ཚོས་མི་མེད་གནམ་གྲུའི་ནང་ས་དང་སྡོང་ཕྲུག་དབོར་འདྲེན་བྱེད་ཀྱི་ཡོད། མི་མེད་གནམ་གྲུ་གཅིག་གིས་རྟ་བརྒྱད་ནས་བཅུ་བཞི་བར་གྱི་ལས་འབོར་ལེགས་འགྲུབ་ཐུབ་པས། སྔོན་ཆད་མིའི་སྒལ་པ་དང་རྟ་ལ་བརྟེན་པ་དང་བསྡུར་ན་དེ་བས་བདེ་འཇགས་ལྡན་ལ་ངལ་བའང་ཆུང་དུ་སོང་ཡོད”ཅེས་སྐལ་བཟང་ནོར་བུས་ངོ་སྤྲོད་བྱས་པ་རེད།
ཆུ་འདྲེན་པ་ནི་ལྗོན་ཤིང་གསོན་ཚད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་གཞན་ཞིག་ཡིན། རི་སྟེང་དུ་ཆུ་འདྲེན་ཆེད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ལེ་ལག་ཚང་བའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པའི་ཨར་ལས་ཚན་པས་ས་བབ་མཐོ་ཚད་སྨི་4000ཡས་མས་ཀྱི་རི་མཐོར་ཆུ་མཛོད་བསྐྲུན་ཏེ་སྡོང་ཕྲུག་ལ་མཐོ་ས་ནས་དམའ་སར་ཆུ་ཁྲིད་དེ་དཀའ་གནད་དེ་གྲུབ་འབྲས་ཐོབ་པའི་ངང་ཐག་གཅོད་བྱས་པ་རེད།
ནགས་ཚལ་དང་རྩྭ་འདེབས་མཁན་མང་པོས་སེམས་ནུས་དང་རྔུལ་ཆུ་བཏོན་པ་ལས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་རེད། ཉེ་བའི་ལོ་ཤས་རིང་ལྷ་སའི་མཐའ་འཁོར་རི་སྟེང་དུ་ལྗང་མདོག་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། ནགས་ཚལ་གྱི་སྤྱི་འབོར་ཐད་ཀར་འཕར་བ། བྱེ་འགྱུར་ས་ཞིང་དང་བྱེ་རྡུལ་གྱི་གནམ་གཤིས་བསྟན་ཚད་མུ་མཐུད་ཉུང་དུ་ཕྱིན་པ་མ་ཟད། རི་སྐྱེས་སྲོག་ཆགས་ཀྱང་མང་དུ་ཕྱིན་ཡོད། ལས་གྲྭའི་ཁུལ་དུ་གནའ་བ་དང་། ཝ་མོ། སྤྱང་ཀི ཤྭ་བ་སེར་ཆེན་སོགས་སྲོག་ཆགས་རྟག་ཏུ་ཐོན་པ་དང་། མཁའ་དབྱིངས་ནས་ལྷ་སའི་སྟོན་ལྗོངས་ལ་བལྟས་ཚེ། ལུང་གཞུང་ངོགས་གཉིས་ཀྱི་རི་བོའི་ཚོགས་ཚོན་མདོག་རྣམ་པར་བཀྲ་བས་མི་ཚོར་ལུས་བདེ་སེམས་སྐྱིད་ཀྱི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་ཡོང་།
འབྲེལ་ཡོད་གསར་འགྱུར།