ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོར།
གོ་བདེ་ཞིང་སེམས་ལ་འཇགས་པའི་སྒྲོག་འགྲེལ་ཞིག་སྤེལ་བ།
ཟླ་བ་བཅུ་གཅིག་པའི་ཡར་ཀླུང་གཙང་པོའི་ངོགས་སུ་ལྕང་མའི་ལོ་མ་ས་ལ་ཟགས་ཤིང་། གྲང་རླུང་གིས་དགུན་ཁའི་སྣང་བ་ངང་གིས་འཆར་མོད། འོན་ཀྱང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོའི་གྲོང་ལྷན་ནང་གྲོང་མི་ཚོ་མཉམ་དུ་འཛོམས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་སྒྲོག་འགྲེལ་བློ་རྩེ་གཅིག་སྒྲིམ་ངང་ཉན་ཏེ་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བཞིན་ཡོད།
ཡིག་ཆ་སྒྲོག་སྦྱངས་བྱེད་པ་དང་ཆོ་མེད་སྐད་ཆར་བརྟེན་ནས་སློབ་གསོ་རྒྱག་པ་ཞིག་མིན་པར། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཆོག་ཚེ་རིང་གིས་ཡུལ་སྐད་བརྒྱབ་སྟེ་གྲོང་ཚོའི་ནང་གི་བྱ་བ་ཁག་གཅིག་དཔེར་དྲངས་པ་དང་མང་ཚོགས་ཀྱི་འཚོ་བ་དངོས་ནང་མཐོང་ཐུབ་པའི་གནས་ཚུལ་དང་ཟུང་འབྲེལ་གྱིས། རྒྱལ་ཁབ་ཀྱི་དོན་ཆེན་དག་གསོན་ཉམས་དོད་པོས་སྒྲོག་འགྲེལ་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག“‘ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས’ཞེས་བཏོན་ཡོད། གྲོང་ཚོའི་ནང་དེ་དག་སྒྲོག་འགྲེལ་བྱེད་སྐབས་ངེས་པར་དུ་ཁ་གསལ་པོ་ཤོད་དགོས་པ་སྟེ། ཐབས་བརྒྱ་ཇུས་སྟོང་ངང་ཚང་མའི་ཡོང་འབབ་མང་དུ་གཏོང་བ་དང་། གྲོང་ཚོ་དེ་བས་མཛེས་པར་བྱེད་པ། འཚོ་བ་ཇེ་སྐྱིད་དུ་འགྲོ་བ་བཅས་བྱེད་དགོས”ཞེས་སྐད་ཆའི་མཇུག་འགྲིལ་མ་ཐག་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ནས་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།
ཏང་གི་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་མི་སེར་ཚོར་དེ་བས་ལེགས་པའི་སྒོ་ནས་སྒྲོག་འགྲེལ་བྱེད་པར་སྐུལ་འདེད་གཏོང་ཆེད། སད་སྒོ་རྭ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ“ཏང་ཡོན་གྱིས་སྣེ་ཁྲིད་དེ་སྦྱོང་བ་དང་དོན་དངོས་དང་ཟུང་འབྲེལ་གྱིས་སྒྲོག་འགྲེལ་བྱེད་པའི”བྱེད་སྟངས་སྤྱད་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གོ་བདེ་ཞིང་སེམས་ལ་འཇགས་པའི་ངང་སྒྲོག་འགྲེལ་བྱས་ཡོད་པ་རེད།
ཟླ་11ཚེས་3ཉིན། སད་སྒོ་རྭ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཞིང་འབྲོག་པ་ཏང་ཡོན་སྒྲིག་འཛུགས་བྱས་ནས་སྔོན་ལ་སློབ་སྦྱོང་བྱས་པ་དང་། གྲོང་ཚོའི་རྩ་འཛུགས་ཨུ་ཡོན་དར་རྒྱས་ཀྱིས་སློབ་སྦྱོང་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ཡོད། “ཚང་འཛོམས་གྲོས་ཚོགས་ཐོག‘མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་དགོས’ཞེས་བཏོན་ཡོད། ང་ཚོའི་གྲོང་ཚོས་ད་ལོ་ཐག་གཅོད་བྱེད་དགོས་པ་ནི་མི་ཕྱུགས་ཀྱི་འཐུང་ཆུའི་མདོང་ལམ་སྒྱུར་བཀོད་ཀྱི་གནད་དོན་དེ་ཡིན། གྲོང་མི་ཚོས་དེར་རེ་སྒུག་ལོ་མང་བྱས་པས་ད་ཐེངས་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས། དེ་མང་ཚོགས་ཀྱི་དགོས་མཁོ་དང་ཡུལ་དེའི་འཕེལ་རྒྱས་ཀྱི་དོན་དངོས་ནས་འགོ་བཙུགས་ཏེ། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་སྤེལ་བའི་ལས་ཀའི་ཞིབ་ཕྲའི་མཚོན་ཚུལ་ཞིག་མ་རེད་དམ” དར་རྒྱས་ཀྱིས་རྟོགས་དཀའ་བའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དག་རྒྱུན་ལྡན་གྱི་འཚོ་བ་དང་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་བྱས་པས་ཚང་མས་ཕན་ཚུན་བསམ་འཆར་སྤེལ་རེས་བྱས་ནས་ཧ་ཅང་འཁྲུག་ཆ་དོད་པོར་གྱུར།
ད་ཐེངས་གྲོང་ཚོའི་མང་ཚོགས་ཚོར་སྒྲོག་འགྲེལ་བྱེད་སྐབས་མཆོག་ཚེ་རིང་གིས“ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་བའི”བརྗིད་ཆེའི་དམིགས་ཚད་དེ་གྲོང་ཚོས་ཁྱབ་གདལ་གཏོང་བཞིན་པའི་སྲན་མ་འདེབས་འཛུགས་དང་། གད་སྙིགས་དབྱེ་གསེས་དང་གཙང་སེལ། འདེབས་འཛུགས་འཁོར་རྒྱུག་བྱེད་སྟངས། སྔོ་ཚལ་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བཤད་པས་ཚང་མར་དེ་བས་གསལ་བ་རྟོགས་ཡོད།
སྒྲོག་འགྲེལ་བྱ་ཡུལ་དུ་མང་ཚོགས་བཀྲ་ཤིས་ཀྱིས“དངོས་འབྲེལ་བྱས་ན། རྒྱལ་ཁབ་ཀྱི་སྲིད་ཇུས་ཚང་མ་ང་ཚོར་ཕྱོགས་ཡོད་པས། ང་ཚོས་ས་ཞིང་ཡག་པོ་འདེབས་པ་དང་། བཞོན་མ་ཡག་པོ་གསོ་ཚགས་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཚོའི་བཀོད་པ་ལེགས་སུ་གཏོང་བ་དེ་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བ་ཞིག་རེད”ཅེས་མྱོང་ཚོར་ཟབ་མོས་བཤད།
འབྲེལ་ཡོད་གསར་འགྱུར།