“རི་གཉིས”ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཏོད་པའི་མུ་འབྲེལ་གསར་འགྱུར།
ཡར་ཀླུང་གཙང་གཞུང་སྔོ་ལྗང་གོས་ཀྱིས་བརྒྱན།

འདི་ནི་ལྷོ་ཁ་གྲོང་ཁྱེར་ཉེ་འདབས་ཀྱི་ཡར་ཀླུང་གཙང་པོའི་གཞུང་གི་སྔོ་ཐིང་ཐིང་གི་མིས་བཟོས་ནགས་ཚལ་ཡིན་པ། (དཔྱད་གཞིའི་པར་རིས)
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྒྱུད་ཀྱི་ལྷོ་ནས་ཤར་དུ་རྒྱུག་པའི་ཡར་ཀླུང་གཙང་པོས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ནས་ཟངས་རི་རྫོང་བར་གྱི་ཡངས་པའི་ལུང་གཞུང་དུ་ཆུ་རྒྱུན་གྱི་དྲ་བ་ཆེན་པོ་ཞིག་གྲུབ་སྟེ་བྱེ་གླིང་གྲངས་མེད་བསྐྱངས་ཡོད།
དེ་སྔ། དགུན་དཔྱིད་གཉིས་ཀྱི་དུས་སུ་བྱེ་གླིང་དུ་ཐལ་རླུང་དྲག་པོ་འཚུབ་པ་དང་རྒྱང་རིང་ནས་བལྟས་ཚེ། ཁང་ཁྱིམ་ཡང་མཐོང་རྒྱུ་མེད་པར་གྱུར་པ་ནི་ས་གནས་དེ་གའི་མིའི་འཚོ་གནས་ཀྱི་མཚོན་ཚུལ་དངོས་ཤིག་རེད།
“སྔོན་ཆད་དཔྱིད་ཀར་ཐལ་རླུང་འཚུབ་མ་ཐག་ཁང་པའི་ཐོག་སྟེང་གི་ཉི་ནུས་ཤེལ་ལེབ་ཚང་མ་བྱེ་མས་བཀབ་ཀྱི་ཡོད”ཅེས་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་གྱི་མང་ཚོགས་ཚེ་རིང་རྡོ་རྗེས་རང་ཁྱིམ་གྱི་སྒོ་རའི་མདུན་དུ་ལངས་ནས་ཐག་རིང་གི་ཡུག་འབྲེལ་སྡོང་ཕྲུག་ར་བར་བལྟས་ཏེ་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད་ཅིང་། ཁོང་གིས་དེ་གར་ནི་དེ་སྔ་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱེ་འགྱུར་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་དང་། སྔོན་ཆད་ལོ་ལྟར་ཀྱི་དཔྱིད་ཀར་ཐལ་རླུང་དྲག་པོ་འཚུབ་ནས་ཞིང་ཁར་བྱེ་རྡུལ་གྱིས་གཙེས་ཏེ་ཡུལ་མི་ཚོས་ནས་ཞིང་བསྐྱར་འདེབས་མི་བྱེད་ཀ་མེད་ཡོང་གི་ཡོད་ལ། དཀའ་སྤྱད་ངལ་རྩོལ་གྱི་འབྲས་བུ་དག་རྟག་ཏུ་བྱེ་རླུང་གིས་མེད་པ་བཟོ་གི་ཡོད།
དཔྱད་གཞིའི་ཡིག་རིགས་ཐོག་འཁོད་པར་གཞིགས་ན། དུས་རབས་གོང་མའི་ལོ་རབས་80པར། ཡར་ཀླུང་གཙང་པོའི་དབུས་རྒྱུད་ངོགས་གཉིས་ཀྱི་བྱེ་འགྱུར་ས་ཁྱོན་མུའུ་ཁྲི་བཅུ་ཕྲག་ཁ་ཤས་ཟིན་པ་མ་ཟད། བར་མེད་རྒྱ་ཆེར་འགྲོ་བའི་སྣང་ཚུལ་ཐོན་ཡོད། དགུན་དཔྱིད་གཉིས་ཀྱི་དུས་སུ་ཐལ་རླུང་དྲག་པོ་འཚུབ་པ་དང་བྱེ་རྡུལ་ལངས་ཏེ་ནམ་མཁའ་ཡང་ཐལ་རླུང་གིས་བསྒྲིབས་ནས་གྲོང་མི་ཚོའི་ཁང་ཁྱིམ་ནང་རྟག་ཏུ་བྱེ་རྡུལ་གྱིས་ཁེངས་པ་དང་། ཕྱིར་འགྲོ་སྐབས་ས་གནས་དེ་གའི་མི་རྣམས་ཀྱིས་རྒྱུན་དུ་མགོ་རས་དཀྲིས་པ་དང་ཁ་རས་བརྒྱབ་པ་སོགས་བྱེད་དགོས་ཀྱི་ཡོད།
ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། “གཙང་པོ་གཅིག་དང་ཆུ་བོ་གཉིས”ཕྱོགས་བསྡུས་གསར་སྤེལ་བྱས་པ་ལས་སྣང་ཚུལ་དེར་འགྱུར་ལྡོག་འགྲོ་འགོ་ཚུགས། ལྷོ་ཁ་གྲོང་ཁྱེར་གྱིས་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་དུ“རྩྭ་བཟོས་ལིང་ཚེའི་བྱེ་བཅོས”ཚོད་ལྟ་ཐེངས་དང་པོ་བྱས་པ་སྟེ། ཡུལ་མི་ཚོས་ཁལ་གཡག་ལ་སོག་མ་བཀལ་ཏེ་བྱེ་ཐང་དུ་སྨི་1གི་སར་དྲ་མིག་རེ་བཟོས་པ་དང་དེ་ནས་ཚར་བོང་སོགས་རྩི་ཤིང་བཏབ་ཡོད་མོད། འོན་ཀྱང་ས་མཐོའི་གནམ་གཤིས་ཞན་པོ་ཡོད་པའི་དབང་གིས་མི་རྣམས་ལ་དཀའ་སྡུག་ཆེན་པོ་བཟོས་ནས་རྩྭ་བཟོས་ལིང་ཚེའི་དྲ་མིག་མང་པོ་ཞིག་རླུང་འཚུབ་ཆེན་པོས་གཏོར་བཤིག་བཏང་ཡོད།
འོན་ཀྱང་བྱེ་རླུང་ཇི་ལྟར་ལྡང་ཡང་ལྷོ་ཁ་བའི“ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར”གྱི་སྙིང་སྟོབས་ལ་ཕམ་ཉེས་བྱུང་མེད། ལོ་40ལྷག་ཙམ་རིང་། གནའ་བོའི་ས་ཆ་དེར་མི་རབས་རེ་རེ་བཞིན་གྱིས་སྔོ་རྒྱས་བྱེ་འཇགས་ཀྱི་བརྗིད་ཆེའི་ལེའུ་རེ་རེ་བཞིན་བརྩམས།
དུས་རབས་21པར་སླེབས་རྗེས་བྱེ་བཅོས་ལག་རྩལ་ལ་ཚན་རིག་རང་བཞིན་གྱི་རིམ་སྤོར་བྱུང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས“ལས་གྲྭའི་བྱེ་བཅོས་དང་སྐྱེ་དངོས་བྱེ་བཅོས”ཀྱི་རྣམ་པ་གསར་པ་སྤྱད་དེ་ཡར་ཀླུང་གཙང་པོའི་ལྷོ་ངོགས་བྱེ་ཐང་གི“གཟེར་རགས”ཀྱི་བྱེ་བརྟན་བྱ་ཐབས་ཚོད་ལྟ་བྱས་ནས་སྡོང་ཕྲུག་འདེབས་འཛུགས་བརྟན་པོ་བྱེད་པའི་ལག་རྩལ་བརྒྱུད་གསོན་ཚད་མཐོ་རུ་བཏང་བ་དང་། ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་མུའུ་5000གི་སྡོང་ཕྲུག་ར་བ་བསྐྲུན་ནས་གསོམ་ཤིང་དང་སྦྱར་པ་སོགས་ཤིང་སྣ་70ལྷག་ཙམ་འདེབས་གསོ་བྱས་པར་གསོན་ཚད་30%ནས་90%བར་མཐོ་རུ་ཕྱིན་ཡོད། དཔལ་འབྱོར་གྱི་བུ་ནོར་བུས་ཕ་ཤུལ་འཛིན་རྗེས་རིག་ནུས་དྲ་རྒྱའི་མ་ལག་ནང་འདྲེན་བྱས་ཏེ་གནམ་གཤིས་དང་ས་རྒྱུའི་གྲངས་གཞིར་དབྱེ་ཞིབ་བྱས་པ་ལས“ཚན་རིག་དང་མཐུན་པའི་སྡོང་ཕྲུག་འདེབས་གསོ་དང་གནད་སྨིན་ཤིང་འཛུགས”མངོན་འགྱུར་བྱུང་ཡོད། མི་རབས་གཉིས་ཀྱི་བློ་གྲོས་ལ་བརྟེན་ནས་བྱེ་བཅོས་དེ“གསོན་ཚད་འགན་ལེན”ནས“རྒྱུན་མཐུད་ཆོག་པའི”ཕྱོགས་སུ་བསྐྱོད་ཡོད།
ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་གྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ(བསམ་ཡས་ལྟེ་བའི་ཁུལ)དེ་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་དཔེ་སྟོན་ཁུལ་འབའ་ཞིག་ཏུ་བསྐྲུན་ཡོད། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱིས་བྱེ་བཅོས་མུའུ་ཁྲི་2.3ལེགས་སྒྲུབ་བྱས་ནས་དེ་སྔའི་ཐང་རྒོད་དག་ད་ཆ་རིམ་བཞིན་སྔོ་ལྗང་གིས་བཀླུབས་ཏེ“བྱེ་རྒྱས་མི་བཤོལ”ནས“ནགས་རྒྱས་བྱེ་འཇགས”བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།
དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་པའི”སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དོན་འཁྱོལ་ཧུར་ཐག་བྱས་ཏེ། 《ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་རི་ངོས་ནགས་གསོའི་ལས་གྲྭའི་འཆར་འགོད》སྒྲིག་བཟོ་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”གི་འཐབ་ཇུས་ནང་བཅུག་སྟེ། ཤིང་འཛུགས་ནགས་གསོའི་ལས་དོན་སྔར་བས་ཚན་རིག་དང་མཐུན་པ་དང་ཞིབ་ཚགས་ཀྱི“ལམ་རིས”བཟོས་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས“དོ་དམ་བདག་སྐྱོང་དང་། མེ་ཟོན། རི་སྐྱེས་སྲུང་སྐྱོང་། གནོད་འགོག ལྟ་ཞིབ་ཚད་ལེན”བཅས་ཕྱོགས་ལྔ་གཞི་གཅིག་གི་རིག་ལྡན་དོ་དམ་མ་ལག་བཙུགས་པ་དང་། ནགས་སྲུང་བ་19252དང་རྩྭ་ཐང་ལྟ་སྐུལ་བ་5799ལས་དྲ་མིག་ཅན་གྱི་དཔུང་ཁག་གྲུབ་ནས་ལོ་ལྟར་མི་ཐེངས་ཁྲི་13སྒྲིག་འཛུགས་བྱས་ཏེ་སྲུང་སྐྱོང་རང་བཞིན་གྱི་སྐོར་ཞིབ་བྱས་པ་ལས་ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ཡོངས་སུ་ཁྱབ་ཡོད། ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་བ་ལས་དོ་དམ་དེ་རིག་ནུས་ཅན་དུ་གྱུར་བ་སྟེ། མི་མེད་གནམ་གྲུས་སྡོང་ཕྲུག་སྐྱེལ་འདྲེན་བྱེད་པ་དང་། ནགས་ཁུལ་ལ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱེད་པ། རིག་ནུས་ཆུ་འདྲེན་མ་ལག་གིས་གནད་སྨིན་ངང་ཆུ་ཚོད་འཛིན་བཅས་བྱེད་ཐུབ་ཀྱི་ཡོད།
ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྤྱི་ལེ་160ཡི“ལྗང་མདོག་ལྕགས་རི་རིང་པོ”དེ་གཡུ་འབྲུག་སྔོན་མོ་གཙང་འགྲམ་དུ་འཁྱུག་པ་ལྟར་དུ་སྣང་། དེའི་རྒྱུད་ཀྱི་བྱེ་རྡུལ་འཚུབ་པའི་ཉིན་གྲངས་ལོ་རེར་ཉིན་60ལྷག་ཙམ་ནས་ཉིན་7ཙམ་བར་ཉུང་དུ་སོང་ཡོད། མི་རྣམས་དེ་བས་དགའ་འོས་པ་ཞིག་ནི་སྐྱེ་ཁམས་ཉམས་གསོ་བྱས་པ་དེས་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་བྱུང་བ་དེ་རེད། ཤྭ་བ་མཆུ་དཀར(ས་གནས་དེ་གའི་མང་ཚོགས་ཀྱིས་ཤྭ་བ་སེར་ཆེན་ཟེར)དང་། གླ་བ། ཝ་མོ། དེ་བཞིན་འདབ་ཆགས་སྣ་ཚོགས་གཙང་འགྲམ་གྱི་ནགས་ཁུལ་དུ་ཇེ་མང་དུ་འགྲོ་བཞིན་ཡོད། ཤྭ་བ་སེར་ཆེན་ཁྱུ་ཚོགས་འགའ་ཐ་ན་འཁོར་རིགས་ལའང་མི་སྐྲག་པར་ལྷོ་ཁའི་གྲོང་ཁུལ་དུ་རྒྱུག་ཡོང་གི་ཡོད།
སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་མཉམ་འདྲེས་བྱས་པའི་གྲུབ་འབྲས་ཀྱང་ཉིན་བཞིན་མངོན་གསལ་དོད་དུ་སོང་ཞིང་། སྐྱེ་ཁམས་སླར་གསོ་ནི་མ་རྩ་ཆག་པའི་ཉོ་ཚོང་ཞིག་མིན་པར། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་བ་སྟེ། ཡར་ཀླུང་གཙང་པོའི་ངོགས་ཀྱི་སྡོང་ཐུང་ཀུ་ཤུ་རང་རྒྱལ་ནས་ཐོན་པ་དང་། “ཡར་ཀླུང་གཙང་པོ་ཨང་དང་པོའི”རྒུན་འབྲུམ་ཨ་རག་འབྲི་ཆུའི་ཟུར་གསུམ་ཁུལ་དུ་བཙོངས་པ། བྱེ་སའི་སྐྱེ་ལྡན་ཨ་རྔམ་ལྗོངས་ཕྱིའི་ཁྲོམ་ར་རྩེ་གྲར་བཏོན་པ། འབྲི་ཆུའི་ངོགས་ཀྱི་བྱེ་ཁུལ་དུ་ལྒ་སྨུག་སོགས་སྐྱེ་དངོས་བཏབ་ནས་བྱེ་བརྟན་ཡོང་བ་དང་དཔལ་འབྱོར་གྱི་རིན་ཐང་ཡང་བཏོད་པ་ལ་སོགས་རེད།
ད་ཆ། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཕྱོགས་བསྡུས་སྐྱེ་ཁམས་ནགས་ཚལ་ཁུལ་ནི་ལྗང་མདོག་གི་རི་མོ་ཞིག་དང་འདྲ་བར་དེའི་ཐོག་ས་མཐོའི་བུ་ཕྲུག་གིས་བྱེ་རླུང་དང་འཐབ་རྩོད་དང་རང་བྱུང་ཁམས་དང་མཉམ་གནས་བྱེད་པའི་ལྗང་མདོག་གི་བྱས་རྗེས་བརྐོས་ཡོད།
འབྲེལ་ཡོད་གསར་འགྱུར།