དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་ཀྲུང་གོ་དང་ཁེན་ནི་ཡའི་ཀློག་པ་པོའི་འདུ་ཚོགས་ནེ་རོ་པི་རུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-12-03

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་1ཉིན། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོ་ཕྱི་རྒྱལ་ཡི་གེ་ཅུས། ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་ཀྲུང་གོ་དང་ཁེན་ནི་ཡའི་ཀློག་པ་པོའི་འདུ་ཚོགས་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་འཚོགས་པ་རེད། ཀྲུང་གོ་དང་ཁེན་ནི་ཡ་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣ་200ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚོགས་ཞུགས་སྐུ་མགྲོན་གྱིས་བརྗོད་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་དེབ་ལྔ་པ་དང་དེབ་དང་པོ་ནས་དེབ་བཞི་པའི་བར་ཕན་ཚུན་འབྲེལ་མཐུད་དང་གཅིག་རྒྱུན་གཅིག་འཛིན་ཐུབ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གཙོ་བོ་དང་ཚན་རིག་དང་མཐུན་པའི་མ་ལག་གཅིག་སྡུད་ཐོག་མངོན་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་གསུང་རྩོམ་རབ་དང་རིམ་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་གྱི་གྲུབ་འབྲས་དང་འཛམ་གླིང་གི་དོན་སྙིང་དེ་བས་ཤེས་རྟོགས་གཏིང་ཟབ་བྱེད་པར་ཕན་ཐོགས་ཡོད་པ་དང་། ཀྲུང་གོ་དང་ཁེན་ནི་ཡ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་འཕེལ་རྒྱས་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    ཁེན་ནི་ཡའི་མཉམ་འབྲེལ་དམངས་གཙོ་མནའ་མཐུན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཨོ་མར་གྱིས་བརྗོད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཕྱིན་ཏེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ནི་གསུང་བཤད་གནད་བསྡུས་ཤིག་ཡིན་པ་མ་ཟད། དེ་བས་ཀྱང་ཤེས་བྱའི་སྒྲོམ་གཞི་དང་མཚན་ཉིད་རིག་པའི་འདུ་ཤེས་ཤིག་ཀྱང་ཡིན་ཞིང་། དེབ་དེའི་ནང་གི་དཔལ་འབྱོར་དང་། དབུལ་པོ་ཉུང་གཏོང་། ཚན་རིག་ལག་རྩལ། བདེ་འཇགས་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་རྣམ་བཤད་གལ་ཆེན་གྱིས་ཁེན་ནི་ཡས་འགྲན་སློང་ལ་ཁ་གཏད་གཅོག་པར་བསམ་བློའི་མཛུབ་ཁྲིད་མཁོ་འདོན་གནང་ཡོད། ཁེན་ནི་ཡས་ཀྲུང་གོ་དང་མཉམ་དུ་དེང་རབས་ཅན་གྱི་འཕེལ་རྒྱས་ཉམས་མྱོང་སྤེལ་རེས་བྱེད་ཤུགས་དེ་བས་ཆེ་རུ་གཏོང་བ་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།

    ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་མོ་ཀའོ་དབྱི་ཡིས་ཤིས་ཚིག་སྒྲོན་སྐབས་བརྗོད་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གཙོ་བོ་དང་ཚན་རིག་དང་མཐུན་པའི་མ་ལག་གཅིག་སྡུད་ཐོག་མངོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་གྱི་ལོ་རྒྱུས་ཀྱི་གྲུབ་འབྲས་དང་། འཕེལ་རྒྱས་ཀྱི་ཐབས་ལམ་དང་དེའི་གཞི་རྩའི་ཁྱད་ཆོས་བཅས་གོ་རིམ་ལྡན་པའི་ངང་མངོན་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཐུན་མོང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་དཔྱད་གཞིར་འཛིན་ཆོག་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་ཁེན་ནི་ཡ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་62འཁོར་ལ་ཉེ་བ་དང་། བརྒྱུད་པའི་ལམ་བུར་ཕྱིར་མིག་ལྟ་སྐབས། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་དཔུང་པ་མཉམ་གཤིབ་ཀྱིས་མཉམ་ལས་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་བཏང་བས། ཆབ་སྲིད་ཐད་ཕན་ཚུན་ཡིད་རྟོན་རུང་བའི་གྲོགས་པོ་བཟང་པོ་དང་དཔལ་འབྱོར་ཐད་མཉམ་ལས་གཉིས་ཁེའི་རོགས་ཟླ་བཟང་པོར་གྱུར་ཡོད། ཀྲུང་གོས་ཁེན་ནི་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ཐུན་མོང་ཐོག་ལག་ལེན་བསྟར་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ། ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུར་སྐུལ་འདེད་གཏོང་རྒྱུ་དོན་འཁྱོལ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གསར་པར་བརྟེན་ནས་ཨ་ཧྥེ་རི་ཁར་གོ་སྐབས་གསར་པ་དེ་བས་མང་བ་མཁོ་འདོན་བཅས་བྱས་ཏེ། དུས་རབས་གསར་པའི་ཡུལ་དུས་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་འདོད་ཡོད།

    ཁེན་ནི་ཡའི་ཆ་འཕྲིན་འཕྲིན་གཏོང་དང་གྲངས་འཛིན་དཔལ་འབྱོར་པུའི་པུའུ་ཀྲང་ཝེ་ལན·ཁ་པོ་ཀེ·ཅི་ཐཱ་ཝུའུ་ཡིས་བརྗོད་དོན། ཀྲུང་གོས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་བ་དང་། ཀྲུང་གོར་ཐོབ་པའི་གྲུབ་འབྲས་ཁག་དང་བཅོས་སྐྱོང་གི་འདུ་ཤེས་དེ་ཁེན་ནི་ཡའི་སྒྱུར་བཅོས་དམིགས་ཚད་དང་གཅིག་མཐུན་ཡིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་གསུང་རྩོམ་རབ་དང་རིམ་པའི་ནང་དོན་ཞིབ་ཕྲ་དང་ཕུན་སུམ་ཚོགས་པོ་ཡོད་པ་དང་། དེབ་དེར་འདུས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཀྱིས་ཁེན་ནི་ཡར་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། དཔེ་སྐྲུན་འགྲེམས་སྤེལ་བྱས་མ་ཐག་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་དེབ་ལྔ་པས་ཁེན་ནི་ཡའི་ལས་རིགས་ཁག་གི་ཀློག་པ་པོས་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་འཕར་རྩ་ཤེས་ཚོར་ཐུབ་ནས་ཀྲུང་གོ་དང་ཁེན་ནི་ཡའི་དབར་ཕན་ཚུན་རྒྱུས་མངའ་དང་བསམ་ཤེས་ཟབ་ཏུ་འགྲོ་བར་ཕན་པ་ཐོན་ཐུབ།

    བྱེད་སྒོ་སྤེལ་རིང་། ཀྲུང་གོ་ཕྱོགས་ཀྱིས་ཕྱི་ཕྱོགས་ཀྱི་སྐུ་མགྲོན་ལ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་དེབ་ལྔ་པའི་དབྱིན་ཡིག་པར་མ་སྤྲད་པ་རེད། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཀྲུང་གོ་དང་ཁེན་ནི་ཡའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། ཀྲུང་ཧྥེའི་མཉམ་ལས། དབུལ་པོ་ཉུང་གཏོང་། མི་ཆོས་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་སོགས་ཀྱི་གྲོས་དོན་ལ་གཞིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།