དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་ཕྱོགས་བསྡུས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཞབས་འདེགས་ནུས་པ་ཆེ་རུ་བཏང་སྟེ།

    མཁོ་ཚོང་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆི་ཀྲི་མིང་།   |     སྤེལ་དུས།  2025-12-02

    ཧྥུའུ་ཅན་ཁྲང་ཐིང་རྫོང་ཧོ་ཐེན་གྲོང་རྡལ་གྱི“མཁོ་ཚོང་ཞིང་རའི”ཆུ་འབྲས་ཞིང་ཁ་ནས་གཏམ་བཟང་ཞིག་གྲགས་པ་སྟེ། ཚད་འཇལ་གཏན་འཁེལ་བྱས་པ་བརྒྱུད་རིག་ལྡན་ཞིང་ལས་མ་ལག་གིས་མཛུབ་ཁྲིད་དང་ཐོན་སྐྱེད་བྱས་པའི་སྨིན་ལ་ཉེ་བ་དང་རྦད་དེ་སྨིན་ཟིན་པའི་ཞིང་ཁ་མུའུ་རེ་ནས་ཐོན་འབབ་སྤྱི་རྒྱ་549.3དང་སྤྱི་རྒྱ་647.9སོ་སོར་ཟིན་ཏེ། རྒྱུན་གཏན་ལས་ཞིང་ཁ་མུའུ་རེའི་ཐོན་འབབ་དེ་བས་མང་བ་ཡོད་པ་རེད།

    ཀྲེ་ཅང་ལི་ཧྲུའེ་གྲོང་ཁྱེར་ཅིན་ཡུན་རྫོང་དུ་ཞིང་ཆེན་ཡོངས་ཀྱི་མཁོ་ཚོང་མཉམ་ལས་ཁང་གི་ཚོགས་པ་29ཡིས་རང་ཉིད་ཀྱི་ཡུལ་ཟོག་འོས་སྦྱོར་གྱི་བྱེད་སྒོ་སྤེལ་ཏེ། ཚོགས་པའི་ཁོངས་མི་དག་དེ་གའི་སྔོ་ཚལ་ཅའོ་པེ་འདེབས་འཛུགས་རྟེན་གཞི་དང་ངུར་ཁྲ་རྒྱུད་སྤེལ་འགན་ལེན་ར་བར་བསྐྱོད་ནས་ཐད་གཏོང་བྱས་ཤིང་། ཐད་གཏོང་བྱེད་སྟངས་གསར་པ་དེས་ཞིང་ལས་ཐོན་རྫས་རྩེ་གྲས་བྲིན་ཁ་རྒྱུག་པོ་བྱུང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཁོ་ཚོང་མཉམ་ལས་ཁང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ནན་ཏན་བསྟར་ནས་ཞིང་ལས་དང་གྲོང་གསེབ་ཏུ་གཞི་ཚུགས་པ་དང་། གཙོ་འགན་གཙོ་ལས་ལ་དམིགས་པ། ཕྱོགས་བསྡུས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ལམ་སྲོལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་པའི་ཐོན་སྐྱེད་འཚོ་བར་ཞབས་འདེགས་ཞུ་བ་དང་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ལས་སྟེགས་མུ་མཐུད་བཏོད་ནས། ཏང་དང་སྲིད་གཞུང་གིས་ཞིང་པ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ཡག་པོ་བྱས་ཏེ། མཁོ་ཚོང་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གང་མགྱོགས་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས”ཞེས་བསྟན་གནང་ཡོད།

    “གསར་པར”ཕྱོགས་པ་དང“སྤུས་ཚད”མཐོ་པོ་བརྩོན་ལེན་བྱས་ཤིང་། རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་བསྡུས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ། ཞབས་ཞུའི་ལམ་སྲོལ་གསར་གཏོད། ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཐང་དུ“ཞིང་པར་ཞབས་འདེགས་ཞུ་བའི་རྒྱུགས་ལན”ཡག་པོ་ཞིག་བཏབ་ཡོད།

    འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་བཙུགས་པ།

    “སྔོན་མ་ཞིང་ལས་རྒྱུ་ཆ་ཉོ་བར་སྤྱི་ལེ་འགའི་སར་འགྲོ་དགོས་མོད། ད་ཆ་གྲོང་ཚོའི་འགོར་གནས་པའི་མཁོ་ཚོང་དྲ་ཚིགས་ནས་ཐད་ཀར་ཉོ་ཐུབ་པ་མ་ཟད། ཞིང་ལས་རྒྱུ་ཆ་སྒོ་རྩར་སྐྱེལ་གྱི་ཡོད”ཅེས་མཁོ་ཚོང་མཉམ་ལས་ཁང་གི་ཞིང་ལས་རྒྱུ་ཆའི་ཞབས་ཞུའི་སྐོར་གླེང་འཕྲལ། སི་ཁྲོན་ཀོང་ཡོན་གྲོང་ཁྱེར་ཅན་ཀེ་རྫོང་ཆའོ་ཏེན་ཤང་གི་ཞིང་པ་ཀྲང་མིང་གིས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་བཞིན་དུ་བཤད།

    སྔོན་ཆད་ཁྲུང་ཆིང་ཏ་ཙུའུ་ཆུས་གོ་ལེང་གྲོང་རྡལ་སན་ཧྥུང་གྲོང་ཚོའི་རི་ཞིང་ལམ་གཟར་ཞིང་ཐག་རིང་བ་དང་། ཞིང་ཁར་གཡོག་བྱེད་བྱེད་མཁན་མེད་པའི་དབང་གིས་ས་རྒོད་དུ་གྱུར་ཡོད། ཡུལ་མི་ཝེ་ཏ་ཀའོ་ཡིས“ད་ཆ་སྔོན་དང་མི་འདྲ་བར་ས་རྒོད་འདི་ས་ཞིང་མཁོ་ཚོང་མཉམ་ལས་ཁང་ནས་ཚབ་རྨོ་དང་ཚབ་འདེབས་བྱས་པས། ང་ཚོར་བགོ་འགྲེམས་ཡོད་ལ་སེམས་ཁྲལ་བྱེད་དགོས་མིན་འདུག”ཅེས་བཤད།

    ཞིང་ལས་རྒྱུ་ཆ་གཉེར་སྐྱོང་དྲ་རྒྱའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “ལྗང་མདོག་གི་ཞིང་ལས་རྒྱུ་ཆ”རིམ་སྤོར་གྱི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བ་སོགས་བྱས་ཏེ་ཧའེ་ནན་སན་ཡ་ཚ་ཁུལ་ལོ་ཏོག་ཁུལ་ནས་ཧེ་ལུང་ཅང་པའེ་ཏ་ཧོང་གི་ཞིང་ཁ་གཤིན་པོ་ཆིང་ཁྲིའི་བར་དང་། ཤིན་ཅང་གི་སྲིང་བལ་ཞིང་ཁ་ནས་ཡུན་ནན་གྱི་སྐས་ཞིང་བར་མཁོ་ཚོང་མཉམ་ལས་ཁང་གི་ཞིང་ལས་རྒྱུ་ཆ་གཉེར་སྐྱོང་དྲ་རྒྱ་མུ་མཐུད་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཁོ་ཚོང་མཉམ་ལས་ཁང་གིས་ནུས་ཤུགས་ཡོད་རྒུས་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་བྱེད་ལམ་གཙོ་བོ་བརྟན་དུ་བཏང་བ་དང་ཁོངས་གཏོགས་ཧྲིལ་པོ་ནས་རྫས་ལུད་མཁོ་འདོན་བྱེད་ཚད་ཀྱིས་རྒྱལ་ཡོངས་ཀྱི་སྤྱིའི་དགོས་མཁོའི་70%ཙམ་དང་། ཅཱ་ལུད་ནང་འདྲེན་བྱེད་ཚད་ཀྱིས་རྒྱལ་ཡོངས་ཀྱི་བསྡོམས་འབོར་གྱི་40%ཙམ་བཟུང་ནས་རྒྱལ་ཁབ་ཀྱི་ཚོང་ལས་རྫས་ལུད་47%གསོག་འཇོག་གི་ལས་འགན་དང་ཞིང་ཆེན་རིམ་པའི་རྫས་ལུད་80%གསོག་འཇོག་གི་ལས་འགན་ཁུར་བས། “ཞིང་ལས་རྒྱུ་ཆ་དང་། ལྗང་མདོག་ཞིང་ལས་རྒྱུ་ཆ། བློས་འགེལ་ཆོག་པའི་ཞིང་ལས་རྒྱུ་ཆ་བཅས་མཁོ་ཚོང”སྤུས་རྟགས་ཀྱི་ཤུགས་རྐྱེན་བཟང་པོ་མུ་མཐུད་ཆེ་རུ་ཕྱིན་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་སོང་བ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་དབར་འཁོར་རྒྱུག་གི་འབྲེལ་ཟམ་བསྐྲུན་པ།

    “ང་མཁོ་ཚོང་མཉམ་ལས་ཁང་གིས་གཉེར་བའི་མཁོ་ཚོང་ཚོང་འདུས་མི་ཉུང་བར་ཞུགས་མྱོང་བས་ང་ཚོས་ཁྲོམ་བཀྱག་གི་གྲོན་དངུལ་སྤྲོད་དགོས་ཀྱི་མེད”ཅེས་ཅང་སུའུ་ནན་ཅིང་གྲོང་ཁྱེར་ཅང་ཉིང་ཆུས་ཤིང་ཏོག་དང་སྔོ་ཚལ་ཁྱིམ་ཚང་ཞིང་རའི་གཉེར་སྐྱོང་མཁན་ཀྲང་ཅིན་གྱིས་ཞིབ་རྩིས་ཤིག་རྒྱག་བཞིན་དུ་བཤད། ཁོང་གིས། ལོ་འགའི་རིང་། ངའི་ཁྱིམ་ཚང་ཞིང་རས་ལོར་ཤིང་ཏོག་དང་སྔོ་ཚལ་བཙོངས་པའི་དངུལ་སྒོར་ཁྲི་300ལྷག་ཙམ་ཟིན་པ་དང་། ཕྱིར་ཚོང་གི་ཡོང་འབབ་མི་ཉུང་བ་ཞིག་ནི་མཁོ་ཚོང་ཁྲོམ་རའི་བྱེད་སྒོ་ལས་བྱུང་བ་ཤ་སྟག་ཡིན་ཞེས་བཤད།

    འཁོར་སྟེགས་ཀྱི“སྐོར་སྐྱོད་མཁོ་ཚོང”གིས་ཐག་རིང་གྲོང་གསེབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་ཚོང་ལམ་རྒྱ་སྐྱེད་ཡོང་བར་རོགས་རམ་ཐུབ་ཡོད། “ཁྱེད་ཚོ་དུས་ཐོག་ཏུ་ཞིང་ལས་ཐོན་རྫས་བསྡུ་བར་ཡོང་བས། ལི་འདི་དག་ཡག་པོ་བཙོངས་ཐུབ་སོང”ཞེས་ཡུན་ནན་དུ་ཡོད་པའི་མཁོ་ཚོང་ཞབས་ཞུ་རུ་ཁག་གིས་མེང་ལ་རྫོང་མེང་པན་གྲོང་རྡལ་ཁ་སྨི་གྲོང་ཚོའི་ཡུལ་མི་ཡན་ཞང་གི་ཁ་ཚ་དགོས་གཏུགས་ཀྱི་སེམས་ཁྲལ་བསལ་བར་དེ་ལྟར་བཤད།

    མཁོ་ཚོང་མཉམ་ལས་ཁང་གི་ཞིང་ལས་ཐོན་རྫས་གྲང་ཕྲེང་ཟོག་འགྲེམས་མ་ལག་འཛུགས་སྐྱོང་གི་ལས་གྲྭ་གང་མགྱོགས་སྒྲིག་འཛུགས་དང་ལག་ལེན་བསྟར་ཞིང་། མིག་སྔའི་བར། མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་ཞིང་ལས་ཐོན་རྫས་ཐོན་ཁུལ་གཙོ་བོ་དང་། བསྡུ་འགྲེམས་ཁུལ། ཕྱིར་འཚོང་ཁུལ་གཙོ་བོ་བཅས་སུ་རྫོང་ཁོངས་ཐོན་ཁུལ་གྱི་གྲང་ཕྲེང་ཟོག་འགྲེམས་ལྟེ་གནས་693དང་། གྲང་ཕྲེང་ཟོག་འགྲེམས་ལྟེ་བའི་རྟེན་གཞི་96 གྲོང་ཁྱེར་གྱི་ཕྱིར་འཚོང་ཁུལ་གྱི་གྲང་ཕྲེང་ཟོག་འགྲེམས་ལྟེ་གནས་241བཅས་བསྐྲུན་ཡོད། སྔོན་དཔག་བྱས་ན། འདི་ལོའི་ལོ་མཇུག་ཏུ་རིམ་རྩིས་བརྒྱབ་ན་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་གྲང་ཕྲེང་མཛོད་དུ་ཐོན་རྫས་ཤོང་ཚད་ཏུན་ཁྲི་1300ཟིན་རྒྱུ་རེད།

    དྲ་ཐོག་དང་དྲ་ཕྱི་ནས་མཉམ་དུ་ཤུགས་བརྒྱབ་ཅིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཁོངས་གཏོགས་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་ཀྱི་དྲ་ཐོག་ཚོང་དོན་བྲིན་ཚོང་དངུལ་འབོར་ལོ་རེའི་ཆ་སྙོམས་འཕར་ཚད་8.6%ཟིན་ཡོད། 2020ལོ་ནས་བཟུང་། མཁོ་ཚོང་སྤྱི་ཁྱབ་མཉམ་ལས་ཁང་གིས་ལོ་ལྔ་བསྟུད་མར་དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་ཀྱི་བྱེད་སྒོ་གཉེར་བ་དང་། དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་དྲ་ཐོག་ནས་ཕྱིར་འཚོང་བའི་ལས་སྟེགས་དེ་འཛད་སྤྱོད་རོགས་སྐྱོར་གྱི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ནས་ཞིང་དུད་ལ་ཐོན་འཕར་དང་དེ་བས་ཡོང་འབབ་འཕར་རྒྱུར་རམ་འདེགས་ཐུབ་ཡོད།

    ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་པ།

    “སྔོན་མ་ཁྱིམ་དུ་ཞིང་སྨན་བླུགས་སའི་ཤེལ་དམ་སྟོང་པས་ཁེངས་ཀྱི་ཡོད། ད་ཆ་བཤེར་རྟགས་ནས་དངུལ་བརྗེ་ཆོག་པས། ཁྱིམ་ཚང་གཙང་སྦྲ་དོད་དུ་ཕྱིན་པ་མ་ཟད། སེམས་པའང་སྐྱིད་པོ་འདུག”ཅེས་ཞོགས་པ་སྔ་པོ་ནས་ཨན་ཧུའེ་ཁྲུའུ་ཀྲོའུ་མིང་ཀོང་གྲོང་ཁྱེར་ཀུའུ་ཕེ་གྲོང་རྡལ་གྱི་ཡུལ་མི་ལི་ལགས་ཀྱིས་ཞིང་སྨན་བླུགས་སའི་ཤེལ་དམ་སྟོང་པ་ཁུག་མ་གང་ལྗང་མདོག་རིག་ནུས་སྒམ་ནང་བླུགས་མ་ཐག ལག་ཐོགས་ཁ་པར་ནས“གཏོང་སྤྲོད་འབོ་རུ་སྒོར་5.3འབྱོར”བའི་ལན་འབྱོར།

    རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་མཁོ་ཚོང་མཉམ་ལས་ཁང་གི་བསྐྱར་སྐྱེས་ཐོན་ཁུངས་ཕྱིར་བསྡུ་བེད་སྤྱོད་དྲ་རྒྱའི་མ་ལག་འཛུགས་སྐྱོང་གང་མགྱོགས་བྱས་ནས་འཐུས་སྒོ་ཚང་དུ་བཏང་ཡོད།

    མིག་སྔའི་བར། ཁོངས་གཏོགས་ཡོངས་ཀྱིས་བསྐྱར་སྐྱེས་ཐོན་ཁུངས་ཚུར་བསྡུ་ས་ཚིགས་ཁྲི་4.6དང་། ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཚུར་བསྡུ་ས་ཚིགས་2700ལྷག་ཙམ། དབྱེ་གསེས་ལྟེ་གནས་600ལྷག་ཙམ་བཅས་མཉམ་དུ་བཙུགས་པའི་ནང་དབྱེ་གསེས་ལྗང་མདོག་ལྟེ་གནས་176ཡོད་པ་རེད། ཁོངས་གཏོགས་ཡོངས་སུ་བསྐྱར་སྐྱེས་ཐོན་ཁུངས་ཀྱི་མ་དངུལ་ཧྲིལ་པོའི་མ་རྐང་ཚོད་འཛིན་ཁེ་ལས་900ལྷག་ཙམ་ཡོད་པས། ཀྲུང་གོའི་བསྐྱར་སྐྱེས་ཐོན་ཁུངས་ཚོགས་པ་དང་། ཁྲུང་ཆིང་བསྐྱར་སྐྱེས་ཐོན་ཁུངས་ཚོགས་པ། ཧུའུ་པེ་ཞིང་ཆེན་བསྐྱར་སྐྱེས་ཐོན་ཁུངས་ཚོགས་པ་ཚད་ཡོད་ཀུང་སི་སོགས་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་ཁག་གཅིག་གསོ་སྐྱོང་ཐུབ་ཡོད།

    “གསར་གཉིས”ཀྱི་བྱ་སྤྱོད་སྤེལ་བ་ནས་བཟུང་། མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཕྱིར་བསྡུ་དང་། གཙང་སེལ། མཐོར་གཏོང་བཅས་ཀྱི་བྱ་སྤྱོད་མགྱོགས་མྱུར་སྤེལ་ནས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་དང་མཉམ་དུ་སྲིད་ཇུས་དང་ཇུས་གཞི་བཏོན་ཏེ་ཁོངས་གཏོགས་ཁེ་ལས་ཀྱིས་ཐོན་ནུས་བཀོད་སྒྲིག་ལེགས་སུ་གཏོང་བར་མཛུབ་ཁྲིད་བྱས་ནས་ཚད་ལྡན་ཅན་གྱི་དབྱེ་འབྱེད་ཆུ་ཚད་མཐོ་རུ་བཏང་ཡོད། 2024ལོར་ཁོངས་གཏོགས་ཡོངས་ཀྱིས་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཚད་ལྡན་ངང་དབྱེ་འབྱེད་བྱེད་ཚད་ཁྲི་2805.4ཟིན་པ་དེས་སྤྱི་ཚོགས་ཡོངས་ཀྱི་31%ཙམ་བཟུང་ཡོད། ཀྲུང་གོ་མཁོ་ཚོང་ཚོགས་པའི་གཤམ་འོག་ཁེ་ལས་ཀྲུང་གོའི་བསྐྱར་སྐྱེས་ཐོན་ཁུངས་གསར་སྤེལ་ཚོགས་པ་ཚད་ཡོད་ཀུང་སིའི་བེད་མེད་ཁྱིམ་ཆས་རྙིང་པ་དབྱེ་འབྱེད་བྱེད་ཚད་ཁྲི་2590ཟིན་ནས་ལས་རིགས་ཀྱི་ཨང་དང་པོར་བརྟན་པོར་གནས་ཡོད།

    ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་པ།

    2024ལོར། “རྫོང་སྟོང་དང་མཉམ་ལས་ཁང་སྟོང་གི་སྤུས་ཚད་མཐོར་གཏོང་བྱ་སྤྱོད”རྒྱལ་ཡོངས་ཀྱི་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་སུ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། སྒྱུར་བཅོས་འདིས“ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་པ་བརྒྱུད་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་འཛུགས་སྐྲུན་དང་རྫོང་ཁོངས་འཁོར་རྒྱུག་ཞབས་ཞུའི་དྲ་རྒྱའི་མ་ལག་འཛུགས་སྐྲུན། མཉམ་ལས་ཁང་གི་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་སོགས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ཡོད།

    གཞི་རིམ་གྱི་མཁོ་ཚོང་མཉམ་ལས་ཁང་གི་རྨང་གཞི་མུ་མཐུད་བརྟན་དུ་བཏང་ཞིང་། རྒྱལ་ཡོངས་སུ་གཞི་རིམ་གྱི་མཁོ་ཚོང་མཉམ་ལས་ཁང་གི་བསྡོམས་འབོར་ཁྲི་3.7ཟིན་པ་དང་གཉེར་སྐྱོང་ཞབས་ཞུའི་དྲ་ཚིགས་ཁྲི་85.6ལས་བརྒལ་ནས་ཞིང་ལས་དང་འབྲེལ་བའི་རྫོང་737དུ་གཞི་རིམ་གྱི་དཔེ་སྟོན་མཁོ་ཚོང་མཉམ་ལས་ཁང་བཙུགས་ཡོད།

    མཁོ་ཚོང་མཉམ་ལས་ཁང་གི་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཞིང་། ཁོངས་གཏོགས་ཡོངས་ཀྱི་ཁེ་ལས་ལ་ཀུང་སིའི་ལམ་ལུགས་ཀྱི་ལམ་སྲོལ་སྒྱུར་བཅོས་བྱེད་དགོས་རིགས་ཚང་མ་བྱས་པ་དང་ལས་འཛིན་ལྷན་ཚོགས་འཛུགས་དགོས་རིགས་ཚང་མ་བཙུགས་ཡོད། མཉམ་ལས་ཁང་གི་མ་རྐང་ཚོད་འཛིན་ཁྲོམ་ཞུགས་ཀུང་སི་14ཡོད་པ་དང་། ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བའི་ཁེ་ལས་29བར་མང་དུ་ཕྱིན་པ། ཀྲེ་ཅང་ཞིང་ཆེན་ཤིན་ཧོ་ཚོགས་པ་ཀྲུང་གོའི་ཁེ་ལས་སྟོབས་ཆེན་500ཡི་ཨང་177པར་ཚུད་ནས་མཉམ་ལས་ཁང་གི་ཁེ་ལས་ཀྱི་གསོན་ཤུགས་དང་ལས་ཕྱོད་སྔར་བས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།