རྒྱལ་ནང་དུ་གོ་ཆོད་པའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་ཁྲི་500ལྷག་ཙམ་ཟིན་པ།
གཙོ་གནད་ཁྱབ་ཁོངས་ཀྱི་རིན་ཐང་མཐོ་བའི་ཁེ་བེད་བདག་ཐོབ་གསོག་འཇོག་བྱེད་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ།
རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་རྒྱལ་ནང་དུ་གོ་ཆོད་པའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་ཁྲི་500ལས་བརྒལ་བའི་རྒྱལ་ཁབ་དང་པོར་གྱུར་པ་དང་། PCTརྒྱལ་སྤྱིའི་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད་ལོ་6བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ། གོ་ལ་ཧྲིལ་པོའི་མདུན་གྲལ་གྱི་སྤུས་རྟགས་5000གི་ཁྲོད་རང་རྒྱལ་གྱི་སྤུས་རྟགས་ཀྱི་རིན་ཐང་ཨ་སྒོར་དུང་ཕྱུར་ཁྲི་1.81ཟིན་ནས་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་པ། ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་ཐད་ཀའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་9700ཙམ་ཟིན་པ་བཅས་རེད།
ད་ལོའི་ཟླ་6པའི་ཟླ་མཇུག་བར། རང་རྒྱལ་གྱི་མི་འབོར་ཁྲི་རེ་རེར་རིན་ཐང་མཐོ་བའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལྡན་ཚད་15.3ཟིན་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་གཏན་ལ་ཕབ་པའི་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཚད་བརྒལ་བྱུང་བ་དང་། རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལྡན་ཚད་ཁྲི་140ལས་བརྒལ་ཏེ་འཕར་ཚད་ཅུང་མགྱོགས་པོ་བྱུང་བ། མིས་བཟོས་རིག་ནུས་དང་། སྔོན་ཐོན་བཟོ་སྐྲུན། འདུས་གྲུབ་གློག་སྐུད། སྐྱེ་དངོས་སྨན་རྫས། ནུས་རྒྱུ་གསར་པ་སོགས་གཙོ་གནད་ཁྱབ་ཁོངས་སུ་རིན་ཐང་ཆེ་བའི་ཁེ་བེད་བདག་ཐོབ་གསོག་འཇོག་བྱེད་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཏེ“གྲངས་འབོར་གྱི་གསོག་འཇོག”ནས“སྤུས་ཚད་མཐོར་གཏོང” བར་འགྱུར་ལྡོག་གང་མགྱོགས་བྱུང་སྟེ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
རང་རྒྱལ་གྱི་ཤེས་བྱའི་བདག་དབང་ཕན་འབྲས་མཐོ་པོས་བེད་སྤྱོད་བྱས་པ་དེས་དཔལ་འབྱོར་ཐད་ལེགས་སྐྱེས་ཕུལ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད། ཁེ་བེད་བདག་ཐོབ་འདུས་ཆེའི་ཐོན་ལས་ཀྱི་འཕར་ཐང་གིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་13%ལས་བརྒལ་བ་དང་། པར་དབང་ཐོན་ལས་ཀྱི་འཕར་ཐང་གིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་7.5%ཙམ་ཟིན་ཡོད།
འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2025ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་སྙན་ཞུའི》ནང་རང་རྒྱལ་གྱི་ཨང་རིམ་བཅུ་པར་འཕར་ནས་གོ་ལ་ཧྲིལ་པོའི་མདུན་གྲལ་གྱི་ཨང་བཅུ་པའི་ནང་སླེབས་ཐེངས་དང་པོ་ཡིན་པ་དང་། རང་རྒྱལ་ལ་ལྡན་པའི་གོ་ལ་ཧྲིལ་པོའི་གསར་གཏོད་ཚོ་འདུས་སྟོབས་ཆེན་བརྒྱའི་ཁྲོད་24ཟིན་ཏེ་ལོ་3བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།
འབྲེལ་ཡོད་གསར་འགྱུར།