འཛད་ཟོག་མཁོ་སྤྲོད་ཀྱི་འཚམ་མཐུན་རང་བཞིན་ཆེ་རུ་ཇི་ལྟར་གཏོང་དགོས།
ཀློག་པ་པོའི་དོ་ཁུར་བྱ་ཡུལ།
ད་ཆ་རང་རྒྱལ་གྱི་བཟོ་སྐྲུན་ནུས་པ་ཧ་ཅང་ཆེ་བ་དང་འཛད་སྤྱོད་ཀྱི་དགོས་མཁོའང་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་འཛད་ཟོག་ཁ་ཤས“ཉོ་འདོད་ཀྱང་ཉོ་མི་ཐུབ་པ་དང་། འཚོང་འདོད་ཀྱང་འཚོང་མི་ཐུབ་པའི”གནས་ཚུལ་སྔར་བཞིན་གནས་ཡོད། འཛད་ཟོག་མཁོ་སྤྲོད་ཀྱི་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་བའི་གནད་དོན་དེ་ཇི་ལྟར་བྱས་ཚེ་ཐག་གཅོད་སྔར་བས་ཡག་པོ་བྱེད་ཐུབ་བམ།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ནང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་རྩ་མཐའ་འཁྱོངས་དང་། དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་དངོས་པོར་མ་འཇོག་དང་མི་ལ་མ་འཇོག་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དགོས་མཁོ་གསར་པས་མཁོ་སྤྲོད་གསར་པར་སྣེ་ཁྲིད་དང་མཁོ་སྤྲོད་གསར་པས་དགོས་མཁོ་གསར་པ་གཏོད་དགོས་པ་བཏོན་ཡོད།
ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་6གིས《འཛད་ཟོག་སྤྲོད་མཁོའི་འཚམ་མཐུན་རང་བཞིན་ཆེ་རུ་བཏང་ནས་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་པ་དེ“ཉོ་འདོད་ཀྱང་ཉོ་མི་ཐུབ་པ་དང་། འཚོང་འདོད་ཀྱང་འཚོང་མི་ཐུབ་པའི”སྤྲོད་མཁོ་གཉིས་ཀྱི་འགལ་བ་དང་ཐོན་ཁུངས་འཕྲོ་བརླག་གཏོང་བའི་གནད་དོན་ཐག་གཅོད་གང་ལེགས་བྱ་ཆེད་ཡིན་པ་རེད།
བཟོ་ལས་དང་ཆ་འཕྲིན་ཅན་པུའི་འབྲེལ་ཡོད་འགན་འཁུར་བས“སྤྲོད་མཁོའི་སྤྱིའི་འཚམ་མཐུན་ཐུབ་ཚད་ལ་སྐུལ་འདེད་བཏང་ཚེ་ཚད་གཞི་མཐོ་ཤོས་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་དང་དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་ཐུབ” མི་སེར་ལ་ཅི་ཞིག་དགོས་པ་དང་གང་ཞིག་ལ་དགའ་པོ་ཡོད་མེད་ཐད་ཁེ་ལས་ཀྱིས་བསམ་བློ་གཏོང་བ་དང་དེ་ཐོན་སྐྱེད་བྱེད་དགོས། དེ་ལྟར་བྱས་ཚེ་རྒྱ་ཆེའི་འཛད་སྤྱོད་པས་དེ་བས་བློ་ལ་བབ་པའི་དངོས་པོ་ཉོ་ཐུབ་པ་དང་དེ་བས་བློ་ཡིད་ཚིམ་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་མ་ཟད། ཁེ་ལས་ཀྱི་ཐོན་རྫས་ཀྱང་དེ་བས་བྲིན་ཁ་རྒྱུག་པ་དང་སྤུས་ལེགས་དང་གོང་ཚད་འཚམ་པོ་ཡོང་ཐུབ་ཅེས་བརྗོད་པ་རེད།
མིག་སྔར། རང་རྒྱལ་གྱི་འཛད་ཟོག་གི་སྣ་ཁ་བསྡོམས་འབོར་དུང་ཕྱུར་2.3ཟིན་ཞིང་། ཁྱིམ་སྤྱོད་གློག་ཆས་དང་། ཁྱིམ་ཆས། རིག་གནས་དང་ལུས་རྩལ་མཁོ་ཆས། གྱོན་ཆས་དང་འཁལ་འཐག་ཐོན་རྫས་སོགས་སྣ་ཁ་100ལྷག་ཙམ་གྱི་ཐོན་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། བཟོ་སྐྲུན་གྱི་ནུས་པ་ཆེན་པོའི་འདེགས་སྐྱོར་འོག་འཛད་ཟོག་ཁེ་ལས་ཀྱིས་ལག་རྩལ་རིམ་སྤོར་དང་འཛད་སྤྱོད་པའི་དགོས་མཁོའི་འགྱུར་ལྡོག་དང་བསྟུན་ནས་ཐོན་རྫས་ཟམ་མི་ཆད་པར་རིམ་འཇུག་གསར་གཏོད་བྱེད་ཐུབ་ཀྱི་ཡོད།
ཇི་ལྟར་བྱས་ནས་ཐོན་སྐྱེད་དང་འཛད་སྤྱོད་དེ་གྲངས་ཚད་ནས་སྤུས་ཚད་བར་གྱི་འགྱུར་ལྡོག་གང་མགྱོགས་ཡོང་བར་བྱས་ཏེ་མཁོ་སྤྲོད་དང་འཛད་སྤྱོད་བར་དགེ་མཚན་ལྡན་པའི་མཉམ་འགུལ་དང་ཕན་ཚུན་སྐུལ་སྤེལ་བྱེད་པའི་རྣམ་པ་ཞིག་ཆགས་ཐུབ་བམ། 《ལག་བསྟར་ཇུས་གཞིའི》ནང་ཞིབ་ཕྲའི་བྱེད་ཐབས་མང་པོ་ཞིག་བཏོན་ཡོད།
མཁོ་སྤྲོད་དུད་སྣེའི་ཐད། ལག་རྩལ་གསར་པ་གསར་གཏོད་བཀོལ་སྤྱོད་བྱེད་མགྱོགས་སུ་བཏང་ནས་ཁྱད་ལྡན་ཐོན་རྫས་གསར་པའི་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་དགོས། རིག་ནུས་དྲ་ཐོག་ཏུ་ནུས་རྒྱུ་གསར་པའི་རླངས་འཁོར་དང་། རིག་ནུས་ཁྱིམ་ཆས། འཛད་སྤྱོད་གློག་རྡུལ་སོགས་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་བཀོད་སྒྲིག་བྱས་ཏེ། མཚོན་རྟགས་རང་བཞིན་གྱི་ཐོན་རྫས་བརྒྱ་དང་། གསར་གཏོད་ཁེ་ལས་བརྒྱ། ཐོན་རྫས་གསར་པ་ཁག་གཅིག་བཅས་ཀྱི་ཐོག་མར་སྤྱོད་པའི་ལྗོངས་རྣམ་དཔེ་གཞི་གཏོད་དགོས། སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་དང་3Dགྲངས་འཛིན་ཅན་གྱི་ཇུས་འགོད་སོགས་ཡོ་བྱད་གསར་པ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་ཐབས་རིག་ནུས་ཀྱི་མཐའ་སྣེའི་ཐོན་རྫས་གསར་སྤེལ་བྱས་ནས། རོལ་རྩེད་དང་། བདེ་ཐང་། གཡོག་བྱེད་སོགས་ཀྱི་འཚོ་བའི་ཞབས་ཞུ་སྒྲུབ་དགོས།
དགོས་མཁོའི་དུད་སྣེའི་ཐད། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ལོ་ན་མི་འདྲ་བའི་མི་ཚོགས་ཀྱི་ཁྱད་པར་ཅན་གྱི་དགོས་མཁོར་དམིགས་ཏེ་བྱིས་པ་དང་སློབ་མའི་མཁོ་ཆས་ཀྱི་བདེ་འཇགས་སྲུང་སྐྱོང་ལོ་གསུམ་གྱི་བྱ་སྤྱོད་ལག་ལེན་བསྟར་དང་། ཁྱིམ་སྡོད་རྒན་འཕྲོད་སྒྱུར་བཀོད་སོགས་ལ་སྐུལ་འདེད་གཏོང་དགོས། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་ཟོག་རྙིང་པ་གསར་བརྗེའི་སྲིད་ཇུས་ཡག་པོ་སྤྱད་ནས་འཛད་སྤྱོད་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་ཕུན་སུམ་ཚོགས་སུ་གཏོང་དགོས། ས་གནས་སྲུང་སྐྱོང་དང་ཁྲོམ་ར་ཁག་བགོས་ཀྱི་གནད་དོན་མུ་མཐུད་བཅོས་སྒྲིག་བྱས་ནས་སྒེར་སྡེམ་ལ་ངོ་རྒོལ་གྱི་རྒྱུན་རྣམ་ཅན་གྱི་ལྟ་འདོམས་ཁྲིམས་སྒྱུར་ལ་ཤུགས་སྣོན་རྒྱག་དགོས། དྲ་རྒྱའི་ཁྲོམ་ར་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་འགལ་བརྡ་ཆ་དང་རྫུན་ལྷད་ཞན་གསུམ་ཐད་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། བདེ་འཇགས་དང་བློ་བདེའི་འཛད་སྤྱོད་ཁོར་ཡུག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
“《ལག་བསྟར་ཇུས་གཞིའི》ནང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་དམིགས་ཏེ་སྤུས་རྟགས་ཀྱི་སྣེ་ཁྲིད་དང་། ཚད་གཞི་རིམ་སྤོར། ལག་རྩལ་གསར་པ་བེད་སྤྱོད་བཅས་བྱེད་མགྱོགས་སུ་བཏང་ནས། རང་རྒྱལ་གྱི་ནང་མཁོའི་ཁྲོམ་ར་ཆེན་པོའི‘ལྡབ་འགྱུར་ནུས་འབྲས’དང‘གྲུབ་ཆའི་ཁེ་སྤོགས’འཕེལ་བར་བྱ་རྒྱུ་རེད”ཅེས་བཟོ་ལས་དང་ཆ་འཕྲིན་ཅན་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་དང་། ད་དུང་2027ལོར་སླེབས་སྐབས་གཙོ་གནད་ཁྱབ་ཁོངས་སུ་སྒོར་དུང་ཕྱུར་ཁྲི་ཡི་གཞི་ཁྱོན་ལྡན་པའི་འཛད་སྤྱོད་ཁྲོམ་ར་གསར་པ་ཐོན་རེ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།