“ཀྲུང་གོ་དང་ཐེ་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་དྲན་གསོ་ཞུ་བའི”རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པང་ཁོག་ཏུ་འཚོགས་པ།
ཚེས་28ཉིན། ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ“ཀྲུང་གོ་དང་ཐེ་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་དྲན་གསོ་ཞུ་བའི”རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ཀྲུང་གོ་དང་ཐེ་ལན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཀྲུང་གོ་དང་ཐེ་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་གི་གྲུབ་འབྲས་དང་ཉམས་མྱོང་ལ་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཐེ་ལན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་། དེ་བས་བརྟན་ལྷིང་དང་། དེ་བས་དར་རྒྱས་ཆེ་བ། དེ་བས་རྒྱུན་མཐུད་ཆོག་པ་བཅས་ཀྱི་ཀྲུང་གོ་དང་ཐེ་ལན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། སླད་ཕྱིན་གྱི“རྫོགས་ལྡན་གྱི་ལོ་ངོ་50”ཕྱོགས་སུ་བསྐྱོད་ཆེད་ཐབས་འདོན་ཇུས་འབུལ་བྱས་པ་རེད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་ཀའོ་ཞང་གིས་ཤིས་ཚིག་ནང་། རྒྱལ་སྤྱིའི་འཕོ་འགྱུར་ཆེན་པོའི་ཁྲོད་ཀྲུང་གོ་དང་ཐེ་ལན་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་ལྷིང་གི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད་ལ། དུས་རབས་གསར་པའི་ནང་དོན་ཡང་ཟམ་མི་ཆད་པར་བསྣན་ཡོད། རྒྱལ་ཁབ་དེང་རབས་ཅན་མངོན་འགྱུར་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བའི་བགྲོད་ལམ་དུ་ཀྲུང་གོ་དང་ཐེ་ལན་གྱི་ལས་འགན་གཅིག་མཚུངས་དང་དམིགས་ཚད་འདྲ་མཚུངས་ཡིན། ཕྱོགས་གཉིས་པོས་དཔུང་པ་མཉམ་གཤིབ་ངང་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་རིག་གནས་མཉམ་འདྲེས་དང་མི་ཆོས་རིག་གནས་སྤེལ་རེས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་གཉིས་པོའི་མཉམ་ལས་ཁྲོད་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་དེ་བས་མང་བ་འཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།