མཚོ་སྔོན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐ་སྐྱོང་འགན་སྲུང་གི“དགུན་སྒྲོལ”བྱ་སྤྱོད་སྤེལ་བ།
ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་བཅུ་གཅིག་པ་ནས་2026ལོའི་ཟླ་གསུམ་པའི་བར། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐ་སྐྱོང་འགན་སྲུང་གི“དགུན་སྒྲོལ” བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་བྱ་སྤྱོད་ཀྱིས་མིག་སྔའི་འགན་སྲུང་ལས་དོན་ཁྲོད་ཀྱི་ཆ་རྐྱེན་འཛོམས་པའི་མིར་འགན་སྲུང་མི་ཐུབ་པ་དང་། གནས་སྐབས་རོགས་སྐྱོབ་ཀྱི་ཕན་ནུས་དེ་ཙམ་མི་ཐོན་པ། རོགས་སྐྱོབ་མ་དངུལ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་མི་ཐུབ་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་གྲལ་བཤེར་དང་། ཆ་འཕྲིན་མཉམ་སྤྱོད་ཀྱིས་བདེན་མིན་བརྟག་དཔྱད། སྲིད་ཇུས་ཚད་ལྡན་ངང་དོན་འཁྱོལ། མ་དངུལ་གཏོང་སྤྲོད་ལ་དོ་དམ། སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་པ་སོགས་གཙོ་གནད་ལྷུ་ཚིགས་ལ་དམིགས་ནས་བླང་བྱ་ཁ་གསལ་བཏོན་ཏེ། གྲལ་བཤེར་འཚམས་འདྲི་དང་། འགན་སྲུང་ཁེབས་ཚད། མ་དངུལ་སྤྲོད་པ། སྲིད་ཇུས་ཤེས་རྟོགས། རེ་ཞུར་ལན་འདེབས་པ་བཅས་ཀྱི“བརྒྱ་ཆ་བརྒྱ་ལྔའི”དམིགས་ཚད་མངོན་འགྱུར་ཡོང་བར་བརྩོན་ལེན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ“འགན་སྲུང་བྱེད་དགོས་རིགས་ལ་འགན་སྲུང་དང་། རོགས་རམ་བྱེད་དགོས་རིགས་ལ་རོགས་རམ་ཡག་པོ”བྱས་ཏེ། དམངས་འཚོ་འགན་སྲུང་གི་མཐའ་ཚད་བརྟན་པོ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་པ་རེད།
སྤྱི་ཚོགས་རོགས་སྐྱོབ་ཐད། ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཚང་མར་གྲལ་བཤེར་བྱས་ཏེ་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ན་སོ་དར་ལ་མ་བབས་པ། ནད་གཞི་ལྕི་བའི་ནད་པ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་དེ་བཞིན་ཐོལ་བྱུང་དོན་རྐྱེན་དང་། བསམ་ཡུལ་ལས་འདས་པའི་དོན་རྐྱེན། ནད་གཞི་ཚབས་ཆེན་ཕོག་པ་སོགས་ལས་དཀའ་ངལ་གྱི་གནས་སུ་གྱར་བའི་ཁྱིམ་ཚང་དང་མི་སྒེར་ལ་གཙོ་གནད་ཐོག་དོ་ཁུར་བྱ་རྒྱུ་ཡིན་པ་རེད།
དཀའ་ངལ་ཡོད་པའི་བྱིས་པའི་འགན་སྲུང་ཐད། སྲིད་ཇུས་དྲིལ་བསྒྲགས་དང་མཐིལ་རྟོགས་གྲལ་བཤེར་གཅིག་སྡུད་བྱས་ཏེ། གྲལ་བཤེར་བྱེད་རིང་ཆ་རྐྱེན་དང་མཐུན་པའི་བྱིས་པ་ཤེས་རྟོགས་བྱུང་རིགས་གནད་སྨིན་གཏན་འཁེལ་གྱིས་འགན་སྲུང་བྱེད་དགོས་རིགས་ལ་འགན་སྲུང་བྱ་རྒྱུ་དང་། སྨན་བཅོས་འགན་བཅོལ་སྡེ་ཚན་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། 2026ལོར་དྭ་ཕྲུག་དང་དངོས་སུ་གསོ་མཁན་མེད་པའི་བྱིས་པ་སོགས་དཀའ་ངལ་ཡོད་པའི་བྱིས་པ་རིན་མེད་ངང་འགན་བཅོལ་ནང་ཞུགས་སུ་འཇུག་རྒྱུའི་ལས་དོན་ཏན་ཏིག་བསྒྲུབ་རྒྱུ་ཡིན་པ་རེད།
འཁྱམ་པོ་དང་སློང་མོར་རོགས་སྐྱོབ་དོ་དམ་ཐད། སྤྱི་བདེ་དང་། གྲོང་ཁྱེར་དོ་དམ། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ཤང་དང་གྲོང་རྡལ(ཁྲོམ་གཞུང)དང་གྲོང་ཚོ(གྲོང་ལྷན)བཅས་ཀྱི་ཨུ་ཡོན་ལྷན་ཁང་གི་འཐབ་ས་དང་པོའི་ལས་དོན་པའི་ལེགས་ཆ་གང་ལེགས་བཏོན་ནས། རྒྱུན་གཏན་ལས་བརྒལ་བའི་སྐོར་ཞིབ་དང་ཤེས་རྟོགས་ཀྱི་བྱ་ཐབས་སྤྱད་དེ་ཁྲོམ་གཞུང་དུ་རང་རྟོགས་ངང་རོགས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།