དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “རི་གཉིས”ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཏོད་པའི་མུ་འབྲེལ་གསར་འགྱུར།

    དོལ་ཐང་དུ་འབྲོག་པ་ཡེ་རྡོར་གྱིས་ཉི་འོད་ཤེལ་ལེབ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝང་ཧྥེ་ཧྥེ།   |     སྤེལ་དུས།  2025-12-02

    འདི་ནི་དོལ་ཐང་འོད་ཤུགས་གླིང་ཁུལ་ནང་འཚོ་བཞིན་པའི་ལུག་ཡིན་པ།

    བྱེ་རླུང་འཚུབ་ནས་ཐལ་རྡུལ་གདོང་ལ་ལྡང་སྐབས་ན་ཟུག་གཏོང་བ་ནི་ཡེ་རྡོར་ཆུང་དུས་ཀྱི་དྲན་འཆར་ཟབ་ཤོས་དེ་ཡིན།

    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་དོལ་ཐང་དུ“བྱེ་རླུང་ལྡང་བས་ཐལ་རྡུལ་གང་སར་འཁྱེར། སྐམ་ཤས་ཆེ་བས་རྩྭ་ཕྲན་སྐྱེ་ཐབས་བྲལ”ཞེས་པའི་ཤོད་སྲོལ་དེས་བྱེ་ཐང་དེའི་དེ་སྔའི་སྐྱོ་ལྷང་ལྷང་གི་རྣམ་པ་ལྷག་པར་མངོན། ས་ཆ་98.5%ཐང་རྒོད་དུ་གྱུར་ནས་ལོར་ཆ་སྙོམས་ཚ་རླངས་ལ་འགྱུར་ཚད་དེ་ཆར་པ་འབབ་ཚད་ལས་ཧ་ཅང་གིས་མཐོ་བ་ཡོད་པས་ཐ་ཐོར་ལས་སྐྱེས་མེད་པའི་རྩྭ་དེ་དག་གིས་ནོར་ལུག་ནི་དེ་བས་གསོ་ཐབས་བྲལ།

    ལོ་49ལ་སླེབས་པའི་ཡེ་རྡོར་ནི་མཚོ་ལྷོ་ཀྲོའུ་གསེར་ཆེན་རྫོང་ཐེ་ཀེ་ཤང་ཧོ་ལི་སི་འོག་མ་གྲོང་ཚོའི་འབྲོག་པ་ཞིག་ཡིན། མི་རབས་ནས་མི་རབས་བར་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད། དེ་སྔ་ཁོང་དང་ཡུལ་མི་ཚོས་རྩྭ་ཆུ་གང་བཟང་དུ་བསྡད་ནས་ལུག་ཁྱུ་དེད་དེ་སྤྱི་ལེ་བཅུ་གྲངས་ཁ་ཤས་ཀྱི་སར་ཡོད་པའི་རྩྭ་རར་གློད་ཀྱི་ཡོད། ཡེ་རྡོར་གྱིས“ཐན་པ་བསྟན་ཚེ་ལུག་ལ་རྩྭ་བཟའ་རྒྱུ་མེད་པས་ལུག་ཤ་ཤེད་སྐྱོ་བས་ལོ་གཅིག་རིང་ལས་ཀ་ཧུར་ཐག་བྱས་རུང་གཟན་ཆག་གི་འགྲོ་སོང་ཕུད་ན་ཡོང་འབབ་སྤྱིར་བཏང་ལྷག་གི་མེད། བྱེ་རླུང་འཚུབ་པའི་དུས་དུ་ཁང་པ་ཕྱེད་ཀ་ཙམ་བྱེ་རླུང་གིས་བསྣུབས་པས་མི་མི་ཉུང་བ་ཞིག་སྡུག་རུས་བྱེད་ཐབས་བྲལ་ནས་སེམས་སྐྱོ་པོས་གནས་སྤོས་བྱེད་དགོས་བྱུང་སོང”ཞེས་ཕྱིར་དྲན་བྱེད་བཞིན་བཤད།

    ད་ཆ་ཡེ་རྡོར་གྱིས་རང་ཉིད་འཚར་ལོངས་བྱུང་སའི་ས་གཞི་དེའི་ཐོག་བསྡད་ནས་མིག་མདུན་གྱི་ཡུལ་ལྗོངས་ལ་རྒྱང་ལྟ་བྱེད་སྐབས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་འདུག འོད་ཤུགས་ཤེལ་ལེབ་སྟར་པ་རེ་རེ་ཉི་འོད་འོག་རབ་ཏུ་འཕྲོ་བ་དང་ཤེལ་ལེབ་འོག་ནོར་ལུག་གིས་ཅི་དགར་རྩྭ་བཟའ་བཞིན་མཆིས།

    དེ་སྔའི་ཐང་རྒོད་དེ་སྐྱེ་ཁམས་དང་དཔལ་འབྱོར་མཉམ་གནས་ཀྱི་ངོ་མཚར་ཞིག་ཏུ་གྱུར་ཁར། ཡེ་རྡོར་ཡང་སྲོལ་རྒྱུན་གྱི་འབྲོག་པ་ཞིག་ནས“འོད་ཤུགས་ཀྱི་འབྲོག་པ”ཞིག་ཏུ་གྱུར་ཏེ་འཕོ་འགྱུར་ཆེན་པོ་དེའི་ཁྲོད་ཀྱི་དཔེ་མཚོན་གསོན་པོ་ཞིག་ཏུ་ཡོད།

    དེ་དག་ཚང་མ་2012ལོ་ནས་གླེང་དགོས། མཚོ་སྔོན་ཞིང་ཆེན་གྱིས་དོལ་ཐང་གི་ཕུན་སུམ་ཚོཌ་པའི་ཉི་འོད་ཐོན་ཁུངས་དང་རྒྱ་ཆེ་བའི་ཐང་རྒོད་ཅན་གྱི་ས་ཆར་བརྟེན་ནས་ནུས་རྒྱུ་གསར་པའི་རྟེན་གཞི་འཛུཌ་སྐྲུན་བྱས་ཤིང་། དེ་གར་ཐེངས་དང་པོ་ཡོང་མཁན་ཨར་པོ་བ་མཐོང་སྐབས་ཡེ་རྡོར་ལ“རྩྭ་ཡང་སྐྱེ་ཁག་པའི་བྱེ་ཐང་དེར་ཁོང་ཚོས་ལས་ཀ་གང་ཞིག་བྱེད་ཐུབ་བམ”སྙམ་པའི་ཐེ་ཚོམ་ཞིག་སྐྱེས།

    ཁོ་པའི་བསམ་ཚོད་ལས་འདས་པ་ཞིག་ལ། དུས་ཡུན་ལོ་ཁ་ཤས་ནང་འོད་ཤུགས་ཁེ་ལས་60གཅིག་རྗེས་གཉིས་མཐུད་ངང་དེ་གར་བཅའ་སྡོད་བྱས་ཏེ། རྒྱལ་ཡོངས་ཀྱི་གློག་འདོན་ཤུགས་ཆེ་ཤོས་ཀྱི་འོད་ཤུགས་གློག་གཏོང་གླིང་ཁུལ་བསྐྲུན་ནས་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་609ཟིན་ཡོད། ལོ་ལྟར་ལྗང་མདོག་གློག་ཤུགས་ཆུ་ཚོད་ཆན་ཝ་དུང་ཕྱུར་100ལྷག་ཙམ་ཅང་སུའུ་དང་ཧོ་ནན་སོགས་སུ་སྐྱེལ་གྱི་ཡོད་པ་རེད།

    བསམ་ཡུལ་ལས་འདས་པ་ཞིག་ལ། ཉི་འོད་ཤེལ་ལེབ་རེ་རེ་ལས་སྐྱེ་ཁམས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཤེལ་ལེབ་ཀྱིས་བྱེ་རླུང་50%ཙམ་ནུས་ལྡན་འགོག་ཐུབ་པ་མ་ཟད། ད་དུང་ས་ངོས་ཀྱི་བརླན་གཤེར་རླངས་འགྱུར་བྱེད་ཚད་30%ཉུང་དུ་སོང་ཡོད། དེས་མ་ཚད་བཀོལ་སྤྱོད་བདག་སྐྱོང་པས་དུས་བཀག་ནང་ཉི་འོད་ཤེལ་ལེབ་བཀྲུས་པའི་ཆུ་ས་འོག་ཏུ་ཐིམ་སྟེ་པང་ལེབ་འོག་གི་ཐང་རྒོད་ནས་རྩྭ་སྐྱེ་གི་ཡོད།

    དེ་དང་ཆབས་ཅིག་གནད་དོན་གཞན་ཡང་ཐོན་པ་སྟེ། རྩྭ་ངན་སྨི་གཅིག་ཙམ་སྐྱེས་ནས་ཉི་འོད་ཤེལ་ལེབ་ཀྱི་གློག་གཏོང་ནུས་པར་ཤུགས་རྐྱེན་ཐེབས་པ་མ་ཟད། ད་དུང་སྟོན་དགུན་དུ་མེ་སྐྱོན་ཡང་ཐོན་སླ་བ་དེ་རེད། དེར་བརྟེན་ང་ཚོས་མི་གླས་ནས་རྩྭ་ངན་བཀོག་ཏུ་བཅུག་རུང་གླིང་ཁུལ་ཆེ་བས་གཞོགས་གཅིག་བཀོག་མ་ཚར་གོང་དུ་གཞོགས་གཞན་ཞིག་ནས་སླར་ཡང་སྐྱེ་གི་ཡོད”རྨ་ཆུ་ཀུང་སིའི་མཚོ་ལྷོ་ཡན་ལག་ཀུང་སིའི་ཐོན་ལས་གླིང་རྣམ་གྲངས་པུའུ་ཡི་ཚའོ་ཅུན་གྱིས“གློག་ཁང་གཅིག་ཁོ་ནར་ལོ་གཅིག་ལ་རྩྭ་ངན་བཀོག་པར་མ་དངུལ་སྒོར་ཁྲི་200ཙམ་གཏོང་དགོས། གལ་སྲིད་རྩྭ་སྨན་སྤྱད་ཚེ་སླར་གསོ་ཐུབ་མ་ཐག་པའི་སྐྱེ་ཁམས་འཕྲོ་བརླག་འགྲོ་བའི་སེམས་ཁྲལ་འདུག”ཅེས་བཤད།

    “དངུལ་བཏང་ནས་རྩྭ་བཀོག་པ་ལས་ནོར་ལུག་དེ་གར་གློད་ནས་རྩྭ་བཟའ་རུ་བཅུག་ན་ཡག་པ་འདུག”དེ་རྗེས་རྨ་ཆུ་ཀུང་སིས་འབྲོག་པ་དུད་ཚང་16བསྐོངས་ནས་ཁོང་ཚོའི་ནོར་ལུག་དེ་གར་རྩྭ་བཟའ་རུ་བཅུག་པ་མ་ཟད། ད་དུང་ཐེ་ཀེ་ཤང་གི་རྩྭ་ར་མུའུ་ཁྲི་10རིན་མེད་ངང་སྤྱོད་ཆོག་པའི་གྲོས་མཐུན་ཡང་བཞག་པ་རེད།

    དེ་དུས་ལུག་200ལྷག་གསོས་ཡོད་པའི་ཡེ་རྡོར་རྟག་པར་གཟན་ཆག་གི་སེམས་ཁྲལ་བྱེད་བཞིན་ཡོད་མོད། འོད་ཤུགས་གླིང་ཁུལ་དུ་ལུག་འཚོ་ཆོག་པ་ཐོས་འཕྲལ་མྱུར་དུ་མིང་ཐོ་འགོད་པར་སོང་། ཡེ་རྡོར་གྱིས“དང་ཐོག་ལུག་གིས་དེ་གའི་སྒྲིག་ཆས་ལ་གཏོར་བརླག་གཏོང་གི་རེད་བསམས་ནས་སེམས་ཁྲལ་བྱས་པ་ཡིན” “ཡིན་ན་ཡང་ཉིན་ཁ་ཤས་ཕྱིན་རྗེས། ལུག་གིས་ཉི་འོད་ཤེལ་ལེབ་བསྐོར་ནས་རྩྭ་ཟ་བ་ལས་སྒྲིག་ཆས་ལ་གཏོར་བརླག་གཅིག་ཀྱང་གཏོང་གི་མི་འདུག མཐོན་པོར་སྐྱེས་པའི་རྩྭ་དེ་དག་ལུག་གིས་བཟས་རྗེས་ཉི་འོད་ཤེལ་ལེབ་ལ་ཉི་མ་ཡང་འགོག་གི་མི་འདུག”ཅེས་བཤད།

    ཡེ་རྡོར་གྱིས་ལུག་འཚོ་བ་ཕུད་ད་དུང་གླིང་ཁུལ་དེར་ཉི་འོད་ཤེལ་ལེབ་གཙང་ཁྲུས་དང་ཉམས་གསོ་སོགས་ཀྱི་ལས་ཀ་བྱས་ནས་ཟླ་རེར་གླ་ཕོགས་སྒོར་4000ལྷག་ཙམ་ཡོད་པས། ལུག་འཚོ་བ་དང་ལས་ཀ་བྱེད་པའི་ཡོང་འབབ་ཉིས་རྩེག་ཡོད། མཚོ་ལྷོ་ཀྲོའུ་ཡི་འོད་ཤུགས་སྐྱེ་ཁམས་འབྲོག་ར་32དང་གཅིག་སྡུད་ཕྱུགས་འཚོ་ས་56གཅིག་རྗེས་གཉིས་མཐུད་དུ་བསྐྲུན་པ་དང་བསྟུན་ནས། འབྲོག་པ་དེ་བས་མང་བ་ཞིག་ཡེ་རྡོར་དང་འདྲ་བར“སྒོ་རྩ་ནས་ལས་ཞུགས་ཐུབ་པའི”འོད་ཤུགས་ཐོན་ལས་ནང་ཞུགས་ཐུབ་ཡོད།

    “ད་ཆ་འོད་ཤུགས་གློག་ཁང་ཡོད་སར་རྩྭ་ཟ་མཁན་ལུག་ཉིན་རེར་11000ཙམ་ཟིན་གྱི་ཡོད། འབྲོག་པ་མང་ཚོགས་ལ་ལོ་རེར་འབབ་འཕར་སྒོར་ཁྲི་3ནས་4བར”ཡོང་གི་ཡོད། “ང་ཚོས་གསར་གཏོད་བྱས་པའི‘འོད་ཤུགས+སྐྱེ་ཁམས+དམངས་ཕན’བཅས་ཀྱི་བྱེད་སྟངས་འདི་གླིང་ཁུལ་གྱི་ཁེ་ལས་གཞན་དག་ལ་ཡང་ལག་ལེན་བསྟར་གྱི་ཡོད།‘འོད་ཤུགས་ལུག’ནི་མཚོ་སྔོན་གྱི་མིང་བྱང་ཡག་པོ་ཞིག་ཏུ་གྱུར་ཡོད” “འོད་ཤུགས་ལུག”ཁྲོམ་རར་བྲིན་ཁ་རྒྱུག་པའི“དྲ་གྲགས་ཐོན་རྫས”སུ་གྱུར་ཏེ་རིན་གོང་ཡང་ལུག་དཀྱུས་མ་དག་ལས་ལྡབ་གསུམ་གྱིས་མཐོ་བ་འདུག་ཅེས་ཚའོ་ཅུན་གྱིས་ངོ་སྤྲོད་བྱས།

    དེ་བས་དགའ་འོས་པ་ཞིག་ནི་སྐྱེ་ཁམས་སླར་གསོ་བྱུང་བ་དེ་རེད། 2012ལོ་ནས་ད་ཆའི་བར་གྱི་ལོ་བཅུ་ལྷག་རིང་། གླིང་ཁུལ་གྱི་སྔོ་ཁེབས་ཁྱབ་རྒྱ་འོད་ཤུགས་གློག་ཁང་འཛུགས་སྐྲུན་བྱས་པ་དང་བསྟུན་ནས་ལོ་ལྟར་ཆེ་རུ་ཕྱིན་པ་དང་ཆེ་རུ་འགྲོ་ཚད་15%ཟིན་ཡོད། འཛུགས་སྐྲུན་བྱས་མེད་པའི་ས་ཁོངས་དང་བསྡུར་ན། བསྐྲུན་ཟིན་པའི་འོད་ཤུགས་གློག་ཁང་ནང་གི་ས་ངོས་དང་ཉེ་བའི་རླུང་འགྲོས་30%ལྷག་ཆག་པ་དང་། སྔོ་ཁེབས་ཁྱབ་རྒྱ་30%ཡན་མང་དུ་ཕྱིན་པ། ས་ངོས་ཀྱི་སྐྱེ་དངོས་བསྡོམས་འབོར་ཆ་སྙོམས་65%མང་དུ་ཕྱིན་ཡོད་པ་རེད།

    ད་ལྟ། ཡེ་རྡོར་གྱིས་རང་གི་ལུག་ཁྱུས་ཉི་འོད་ཤེལ་ལེབ་འོག་ཏུ་རྩྭ་ཟ་བ་མཐོང་སྐབས་སེམས་ལ་དགའ་སྤྲོ་ལྷག་པར་སྐྱེས། “རྩྭ་རྩི་ཤིང་རྐང་གཅིག་ཀྱང་མི་སྐྱེས་པ”ནས“ཉི་འོད་གློག་ཁང”བར་དང་། སྐྱས་སྤོས་འབྲོག་པ་ནས་འོད་ཤུགས་འབྲོག་པའི་བར། དོལ་ཐང་གི་འཕོ་འགྱུར་གྱིས་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཕན་གྱི་ཡིད་དབང་འཕྲོག་པའི་ལེའུ་ཞིག་བརྩམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།