དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་རྒྱག་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2025-12-02

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”ཞེས་ནན་བཤད་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཏེ། ཏང་གི་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས་རིམ་ཁག་ཏང་རྩ་འཛུགས་དེ་བས་ཞུམ་མེད་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་པ་དང་། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། དེ་དང་ཆབས་ཅིག་ང་ཚོས་ཀྱང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད་པ་ཞིག་ཡིན་པ་གསལ་པོ་ཤེས་དགོས། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ན། རྒྱུགས་འབུལ་སྐབས་ཀྱི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དང་དོན་འཁྱོལ་དེ་བས་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་ནས། ཏང་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་དངོས་སྒྲུབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

    ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རྩ་བའི་དམིགས་ཡུལ་དང་རྩ་དོན་ཡིན་ཞིང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱས་པ་ཇི་ཙམ་གྱིས་ནུས་པ་དང་ལྡན་ཚེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་ལེན་དེ་ཙམ་གྱིས་ནུས་ལྡན་ཡོང་སྲིད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཀོད་པའི་འབྱུང་འགྱུར་ལོ་ལྔའི་འཆར་གཞི་གསར་པ་དག་དོན་དངོས་སུ་བསྒྱུར་ནས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་བྱུང་རྗེས། ལས་བྱེད་པ་ནི་ཐག་གཅོད་རང་བཞིན་ལྡན་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་མགྱོགས་མྱུར་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་དཀའ་ཉེན་བྲེལ་ལྕིའི་ལས་འགན་སྣ་ཚོགས་ཀྱི་མདུན་དུ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་སྤྱི་ཡོངས་ཀྱི་འདུ་ཤེས་དེ་བས་ཟབ་ཏུ་གཏོང་བ་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིགས་དང་སྤྱི་ཡོངས་ཀྱི་མིག་རྒྱང་ཐོག་ནས་ལས་དོན་ཁག་ལ་འཆར་འགོད་དང་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་འགག་སྒྲོལ་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། ཉེན་ཁ་སྔོན་འགོག་དང་སེལ་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་ཀྱི་འཇོན་ཐང་ཆེ་རུ་ཤུགས་ཆེན་བཏང་སྟེ། རང་ངོས་ཀྱི་འཇོན་ཐང་དང་བྱང་ཚད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

    ཏང་གི་སྤྱོད་ཚུལ་ནི་མི་སེམས་གང་ལ་ཕྱོགས་མིན་དང་འབྲེལ་བ་ཡོད་ལ། དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྒྱལ་ཕམ་ཐག་གཅོད་ཀྱང་བྱེད་ཀྱི་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”དམིགས་ཚད་ལས་འགན་ལ་གཞིགས་ཏེ“དོན་ཆེན་བཞི”ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར། ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་མཐོ་ཚད་ནས་སྤྱོད་ཚུལ་གནད་དོན་གྱི་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། “རྒྱུན་དུ་དམ་འཛིན་ལྷོད་མེད་བྱེད་པའི”སེམས་ཤུགས་དང“ནམ་ཡང་དམ་འཛིན་མཚམས་འཇོག་མི་བྱེད་པའི”བློ་རྩ་བརྟན་པོ་རྒྱུན་འཁྱོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་མུ་མཐུད་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྤྱོད་ངན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ། དམ་པ་དོན་གཉེར་དང་གཞུང་དྲང་སྤྱོད་གཙང་གི་སྲོལ་གསར་སྤྱོད་བཟང་སྐྱེད་སྲིང་བཅས་བྱས་ཏེ། སྤྱོད་ཚུལ་བཟང་པོ་དང་གཟུགས་བརྙན་བཟང་པོར་བརྟེན་ནས་རྒྱལ་ཁ་གསར་པ་རྒྱུན་མཐུད་ལེན་དགོས།

    རུལ་སུངས་ནི་ང་ཚོའི་ཏང་ལ་འཕྲད་པའི་འཇིགས་སྐུལ་ཆེ་ཤོས་དེ་ཡིན་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཆེས་མཐར་ཕྱིན་པའི་རང་ངོས་གསར་བརྗེ་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་རུལ་སུངས་གྱོད་གཞིར་བལྟས་ན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་དང་། ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ཞིང་ལྕི་པོ་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་ཡག་པོ་རྒྱག་དགོས་ན། ངེས་པར་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་དོན་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོ་བཙུགས་ནས། “ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར”གྱི་སྙིང་རུས་དང་། “རྒྱལ་ཁ་ཐོབ་མུར་ཇག་ལྷག་འདུལ་བའི”ངར་ཤུགས། “རྟ་ཕོའི་སྒ་ཆས་མི་ཕབ་བར། སྲབ་མདའ་ནམ་ཡང་མི་གློད་པའི”རྒྱུན་ཤུགས་བཅས་བཏོན་ཏེ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ཕན་ཚུན་འབྲེལ་མཐུད་མཐའ་འཁྱོངས་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་སྲོལ་བཟང་སྤྱོང་བཟང་གི་ཆབ་སྲིད་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།