དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བགྲེས་སོང་དང་བྲག་ཕུག

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཕན་དབྱི་ཅིང་། བློ་གྲོས་རྒྱ་མཚོ།   |     སྤེལ་དུས།  2025-12-02

    འདི་ནི་རིག་འཛིན་དབང་གྲགས་ཀྱིས་ཡུལ་སྐོར་བ་རི་སྟེང་དུ་ཁྲིད་དེ་འགྲེལ་བཤད་རྒྱག་བཞིན་པ།

    བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་དུང་དཀར་གྲོང་ཚོའི་ཕྱི་དབང་ཚོགས་ཆུང་དུ་ནམ་ལངས་མེད་མོད། ལོ་77ལ་སླེབས་པའི་བྱམས་པ་ཚེ་རིང་གིས་སྦར་མྱུལ་རྒྱག་བཞིན་སྒོ་དལ་བུར་ཕྱེ།

    ཁོང་འགྲོ་ས་ནི་ཕྱི་དབང་བྲག་ཕུག་ཚོགས་ཡིན་པ་དང་གྲོང་ཚོའི་གམ་གྱི་ས་བབ་སྨི་4000ལྷག་ཙམ་ཡོད་པའི་རི་ལམ་དེ་ཁོང་གིས་མིག་བཙུམ་ཡང་འགྲོ་ནོར་ཤོར་མི་སྲིད། གུ་གེའི་དུས་སྐབས་ཀྱི་གནའ་བོའི་མཁར་རྫོང་དེ་བྲུ་རོང་གིས་རིམ་པ་བཞིན་མཐའ་སྐོར་བ་དང་བྲག་ཕུག་ཆིག་སྟོང་ཙམ་རི་ངོས་ཀྱི་གཡང་གཟར་དུ་ཁྱབ་ཡོད།

    2013ལོར་ཕྱི་དབང་བྲག་ཕུག་ཚོགས་དང་བར་ཐག་སྤྱི་ལེ་2ཙམ་ཡོད་པའི་དུང་དཀར་བྲག་ཕུག་ཚོགས་དེ་དག་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པའི་ཕྱི་དབང་དང་དུང་དཀར་གནའ་ཤུལ་གྲས་སུ་བཅུག་པ་དང་བྲག་ཕུག་ཚོགས་དང་། དགོན་སྡེའི་སྐྲུན་དངོས། མཁར་རྫོང་གི་གནའ་ཤུལ་སོགས་གུ་གེ་རྒྱལ་པོའི་སྐབས་ཀྱི་གནའ་ཤུལ་གལ་ཆེན་དེ་དག་ལ་ད་བར་སྔ་ཤོས་སུ་ལོ་ངོ་ཆིག་སྟོང་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིག་གནས་ནི་མི་རིགས་ཀྱི་བླ་སྲོག་དང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་ཀྱི་འབྲེལ་ཐག་དང་མི་རིགས་ཀྱི་གསོན་ཤུགས་དང་།

    གསར་གཏོད་ནུས་པ། གོང་བུ་འགྲིལ་ཤུགས་བཅས་གཅིག་སྡུད་ཐོག་མཚོན་པ་ཞིག་རེད། ས་མཐོའི་འབྲེལ་ཐག་དེ་སྲུང་སྐྱོབ་བྱ་ཆེད་བྱམས་པ་ཚེ་རིང་དང་རིག་འཛིན་དབང་གྲགས་ཀྱིས་ལོ་བཅུ་གྲངས་ཁ་ཤས་རི་ལམ་འདིའི་སྟེང་ཕར་འགྲོ་ཚུར་འོང་བྱས་ཡོད།

    “ལམ་བུ་དེར་ངས་མིག་བཙུམས་ཀྱང་ལམ་ནོར་ཐེབས་མི་སྲིད”

    1992ལོར་ཕྱི་དབང་དང་དུང་དཀར་གནའ་ཤུལ་གཉིས་རྙེད་པ་དང་གྲོང་ཚོས་བྱམས་པ་ཚེ་རིང་དེ་གར་བྲག་ཕུག་སྲུང་བར་བདམས་པ་རེད། དུས་དེ་ནས་བཟུང་ཁོང་གིས་རྒྱབ་ལག་བྱས་ཏེ་རི་ལམ་གཡང་གཟར་སྟེང་ལོ་33ཏག་ཏག་ཡར་འཛེགས་མར་བབས་བྱས།

    རི་སྐེད་དུ་སླེབས་སྐབས་འཁར་བ་བཙུགས་པའི་སྒྲ་ཞིག་གསལ་ནས་གསལ་དུ་སོང་བས་བྱམས་པ་ཚེ་རིང་གིས་གཟབ་གཟབ་ངང་ཉན་པ་དང་གོམ་པ་སྤོ་མཚམས་བཞག་ནས་རི་གཤམ་དུ་ལྟ་སྐབས་རིག་འཛིན་དབང་གྲགས་ཀྱིས་འཁར་བ་བཙུགས་ནས་ཡོང་གི་ཡོད་ཅིང་། ཁོང་པུས་མོ་ཐང་པོ་དེ་ཙམ་མེད་རྐྱེན་གོམ་གང་སྤོ་བར་ཡང་ངལ་དུབ་ཆེན་པོ་ཡོད། ཕན་ཚུན་སྐད་བརྡ་སྤྲད་ཙམ་བྱས་རྗེས་ཁོང་གཉིས་རི་ལམ་བརྒྱུད་དལ་བུར་འཛེག

    རིག་འཛིན་དབང་གྲགས་དང་བྱམས་པ་ཚེ་རིང་གཉིས་ན་མཉམ་ཡིན་པ་དང་2002ལོར་རིག་དངོས་སྲུང་སྐྱོང་བར་གྱུར། ད་ལོའི་ཟླ་དྲུག་པར་བགྲེས་སོང་གཉིས་པོ་རྒན་ཡོལ་ཞུས་མོད། འོན་ཀྱང་ཉིན་ལྟར་རིར་འཛེག་སྐབས་བྲག་ཕུག་ལ་ལྟ་ཙམ་བྱ་རྒྱུ་དེ་ཁོང་ཚོའི་རུས་པའི་གཏིང་ལ་འཇགས་པའི་གོམས་གཤིས་ཤིག་ཏུ་གྱུར།

    རི་གཤམ་ནས་རི་རྩེའི་ས་བབ་སྨི་4000ལྷག་ཙམ་གྱི་བྲག་ཕུག་ཏུ་འཛེགས་པར་ས་བབ་སྨི་200མཐོ་རུ་འགྲོ་གི་ཡོད།

    འོན་ཀྱང་བགྲེས་སོང་གཉིས་པོས་དེ་ལྟར་ལོ་རེ་བཞིན་ཡར་འཛེགས་མར་བབས་བྱས།

    རི་གཤམ་དུ་ཡོད་པའི་རིག་འཛིན་དབང་གྲགས་ཀྱི་བུ་མོ་བདེ་ཆེན་སྒྲོལ་དཀར་གྱི་ཇ་ཁང་ཆུང་ངུ་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བཞིན་ཡོད། ཁོང་གིས་བགྲེས་སོང་གཉིས་པོ་ལུས་སྟོད་ཅུང་ཟད་སྒུར་བཞིན་དུ་རི་ལམ་འཛེག་པ་མཐོང་སྐབས། བགྲེས་སོང་གཉིས་པོ་དང་རི་སྟེང་གི་བྲག་ཕུག་ཚང་མ་གཡང་རྟེན་རེད་ཅེས་བཤད།

    2021ལོར་རིག་འཛིན་དབང་གྲགས་ཀྱི་པུས་མོར་གཤགས་བཅོས་བྱས་སྟབས་ཟླ་བ་གཅིག་རིང་རི་ལ་འཛེགས་མ་ཐུབ་ཅིང་། དེའི་རིང་བྱམས་པ་ཚེ་རིང་ཉིན་ལྟར་ས་རུབ་རྗེས་གཞི་ནས་རི་སྟེང་ནས་བབས།

    བྱམས་པ་ཚེ་རིང་གིས“ལམ་བུ་དེར་ངས་མིག་བཙུམས་ཀྱང་ལམ་ནོར་ཐེབས་མི་སྲིད་པས་སྣང་དག་མ་བྱུང”ཞེས་བཤད།

    “ཕྱི་དབང་བྲག་ཕུག་བསྲུངས་ཚེ་ངེད་ཚོའི་ཁྱིམ་གཞིས་དེ་བས་བརྟན་སྲུང་ཐུབ”

    ས་བབ་སྨི་4000ལྷག་ཙམ་གྱི་རི་སྟེང་དུ་སྲུང་སྐྱོང་བྱེད་པ་དེ་ལྡེབས་རིས་ཁ་ཤས་ཙམ་མིན་པར་ཤེས་དཔལ་ལས་བྱུང་བའི་ཚེ་སྲོག་གི་རྗེས་ཤུལ་ཞིག་དེ་བས་རེད།

    རིག་འཛིན་དབང་གྲགས་རི་ལས་བབས་མ་ཐག་རྩམ་པ་ཁ་གང་ཡང་ཟ་ཁོམ་མ་བྱུང་བར་ཡུལ་སྐོར་བ་ཁ་ཤས་སྒེར་འཁོར་བཏང་ནས་སླེབས་པས་སླར་ཡང་ཁོང་ཚོ་ཁྲིད་དེ་རི་སྟེང་དུ་བསྐྱོད།

    རིག་འཛིན་དབང་གྲགས་ཀྱིས“ཁྱེད་ཚོ་ལྟོས་དང་དེའི་སྟེང་བྲིས་པ་ནི་འབྲུ་རིགས་དང་། ཆོས་ཆས། རོལ་ཆ་བཅས་རེད”“དེ་དག་ཚང་མ་ལས་གུ་གེ་རྒྱལ་རབས་སྐབས་ཀྱི་མི་ཚོའི་འཚོ་བ་མཚོན་གྱི་ཡོད”ཁོང་གིས་བརྒྱབ་པའི་འགྲེལ་བཤད་ནི་འབྲེལ་ཟམ་ཞིག་དང་གཉིས་སུ་མེད་པར་གནའ་བོའི་ཤེས་དཔལ་གྱི་ལོ་རྒྱུས་དང་དེང་དུས་ཟུང་དུ་འབྲེལ་ཡོད།

    ཐག་རིང་ནས་འོང་བའི་ཡུལ་སྐོར་བས་རྩ་ཆེའི་རིག་དངོས་དེ་དག་ལ་རྒྱུས་མངའ་ལོན་ཆེད་ཁོང་གིས་རྒྱ་སྐད་དང་ལོ་རྒྱུས་ཀྱི་ཤེས་བྱ་རང་སྦྱོང་བྱས་ཏེ་ཡུལ་སྐོར་བར་ལྡེབས་རིས་ནང་གི་གནའ་བོའི་གཏམ་རྒྱུད་རིན་མེད་ངང་འགྲེལ་བཤད་བརྒྱབ། ཡུལ་སྐོར་བ་ཚོས་མགོ་བོ་དགྱེ་ནས་ལྡེབས་རིས་ལ་ལྟ་བཞིན་དུ་ཧང་སངས་པའི་རྣམ་འགྱུར་ཡང་ཡང་སྟོན།

    བྱམས་པ་ཚེ་རིང་གིས་བྲག་ཕུག་ལ་བསྙེས་ཏེ་རིག་འཛིན་དབང་གྲགས་ཀྱི་འགྲེལ་བཤད་ཉན་ཞོར་ལྡེབས་རིས་དེ་དག་ལ་ཞིབ་མོར་བལྟས། ཁོང་གིས་ལྡེབས་རིས་གསལ་པོ་དེ་ཙམ་མཐོང་གི་མེད་མོད། འོན་ཀྱང་མི་ཚེ་ཕྱེད་ཀ་ཙམ་སྲུང་སྐྱོབ་བྱས་པ་དེ་ལས་ལྡེབས་རིས་དེ་དག་ཁོང་གི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་བ་མ་ཟད་ཁོང་གིས་འཛམ་གླིང་ལ་རྒྱུས་མངའ་ལོན་པའི་ཆ་ཤས་ཤིག་ཀྱང་རེད།

    བྱམས་པ་ཚེ་རིང་གིས་ད་ཆ་ལྡེབས་རིས་ལ་ལྟ་སྐབས་སེམས་ཁམས་ཀྱང་སྔོན་ཆད་དང་མི་འདྲ་ཆགས་སོང་། “ཕྱི་དབང་བྲག་ཕུག་ནི་ངའི་སྙིང་དབུས་ཀྱི་ས་ཆ་མཛེས་ཤོས་དེ་ཡིན”“བཟའ་ཟླ་གྲོངས་རྗེས་ངའི་སེམས་ནང་བྲག་ཕུག་དེ་དག་སྲུང་བ་ནི་རིག་དངོས་སྲུང་བ་ཙམ་མ་ཟད་ངེད་ཚོའི་ཁྱིམ་ཚང་དང་ངེད་ཚོའི་རྩ་བ་སྲུང་བ་ཞིག་དེ་བས་ཡིན་པ་གསལ་པོ་ཤེས་བྱུང”ཞེས་སྐད་ཆུང་ངུས་བཤད།

    བྲག་ཕུག་ཇི་སྲིད་བར་གནས་པ་དེ་སྲིད་མི་དེ་བས་མང་བ་དེ་གར་བཅར་སྲིད།

    ལ་ཁའི་ཉི་མ་བྲུ་རོང་ལ་འཕྲོས་པ་དང་རི་སྟེང་གི་བྲག་ཕུག་ཇི་སྲིད་བར་རྟག་བརྟན་འགྱུར་མེད་ངང་གནས་སྲིད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ཕྱི་དབང་དང་དུང་དཀར་གནའ་ཤུལ་ལ་ལྟ་སྐོར་བྱེད་པར་ཡོང་མཁན་ན་ནིང་ལས་ལྡབ་གསུམ་ཙམ་མང་དུ་སོང་བ་དང་་གནའ་ཤུལ་སྲུང་སྐྱོབ་བྱེད་ཤུགས་ཀྱང་དེ་བསྟུན་ཆེ་རུ་སོང་ཡོད། རྩྭ་མདའ་རྫོང་ཕྱི་དབང་དང་དུང་དཀར་གནའ་ཤུལ་སྲུང་སྐྱོབ་སྒྲིག་བཀོད་ལས་གྲྭའི་རྣམ་གྲངས་2026ལོར་ལག་ལེན་བསྟར་རྒྱུ་ཡིན་པ་དང་དེར་མ་དངུལ་སྒོར་ཁྲི་1500གཏོང་རྒྱུའི་འཆར་གཞི་ཡོད་པས། གནའ་ཤུལ་གྱི་སྤྱི་ཡོངས་ཀྱི་སྲུང་སྐྱོབ་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་རེད།

    བདེ་ཆེན་སྒྲོལ་དཀར་གྱི་ཇ་ཁང་དུ་འཛུལ་མ་ཐག་ཇ་བསྲུབས་མའི་དྲི་ཞིམ་འཐུལ་ཡོང་བ་དང་རི་ལས་བབས་མ་ཐག་པའི་ཡུལ་སྐོར་བ་འགའ་དེ་གར་ངལ་གསོ་བ་དང་ཁ་ལག་ཟ་བཞིན་མཆིས།

    “ད་ལོ་ང་ཚོའི་ཇ་ཁང་ལ་ཡོང་འབབ་སྒོར་ཁྲི་4ཟིན་གྲབས་ཡོད་པས་དེ་ནི་ཁྱིམ་གྱི་ཡོང་འབབ་བརྟན་ཤོས་དེ་ཡིན། བགྲེས་སོང་གཉིས་པོའི་རྣམ་ཀུན་འཚོ་བར་འགྱུར་ལྡོག་བྱུང་མེད་པར་རྒན་ཡོལ་ཞུས་རྗེས་ཀྱང་ཉིན་ལྟར་རིར་ཡར་འཛེགས་མར་བབས་བྱེད་ཀྱི་ཡོད”ཅེས་བདེ་ཆེན་སྒྲོལ་དཀར་གྱིས་བཤད།

    “བྲག་ཕུག་ནི་ངའི་ཁྱིམ་གཉིས་པ་ཡིན། ངའི་ལུས་པོས་ལྕོགས་ཚེ་ལས་ཀ་གང་མང་བྱེད་འདོད་འདུག”ཅེས་རིག་འཛིན་དབང་གྲགས་ཀྱིས་བཤད།

    རི་སྟེང་དུ་སྡོད་པའི་དུས་ཚོད་ནི་འགྲོ་འགོར་པོ་ཡོད་མོད། འོན་ཀྱང་བགྲེས་སོང་གཉིས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་མི་རེས་ཉིན་རེ་སྡོད་བྱ་བྱས་ནས་ཕྱི་དབང་བྲག་ཕུག་བསྲུངས།

    “ངའི་རྐང་པས་འགྲོ་ཐུབ་ཚེ་མུ་མཐུད་སྲུང་གི་ཡིན”ཞེས་བྱམས་པ་ཚེ་རིང་གིས་བཤད།

    ད་ཆ་རྩྭ་མདའ་རྫོང་དུ་རིག་དངོས་སྲུང་སྐྱོབ་བ་252ཡོད་པ་དེ་དག་རིག་དངོས་གནའ་ཤུལ་ཁུལ་ཁག་ཏུ་བཀོད་སྒྲིག་བྱས་ཡོད། བགྲེས་སོང་གཉིས་པོ་རྒན་ཡོལ་ཞུས་མོད། འོན་ཀྱང་མི་དེ་བས་མང་བས་བྱེ་རླུང་དང་རི་ཁྲོད་དུ་དཀའ་བ་སྤྱད་དེ་ལོ་ཟླའི་འཁོར་རྒྱུན་ཁྲོད་དུ་རིག་དངོས་དག་མུ་མཐུད་འགྱུར་མེད་བརྟན་པོར་གནས་ཐུབ་པ་བྱེད་ཀྱི་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།