གློག་དྲ་འཛུགས་སྐྲུན་གོམ་སྟབས་མྱུར། གྲོང་གསེབ་འཕེལ་རྒྱས་རྣམ་པ་བཟང་།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི“སྒུལ་ཤུགས་ཀྱི་སྲོག་རྩ”ཕྱོགས་ཡོངས་ནས་བརྟན་དུ་བཏང་བ།
མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོའི་ངག་དབང་ཁྱིམ་གྱི་སྒོ་རའི་ནང་། རྒྱལ་ཁབ་གློག་དྲ་མལ་གྲོ་གུང་དཀར་རྫོང་གློག་འདོན་ཀུང་སིའི་གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གིས་གློག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ། གློག་བདེ་འཇགས་ངང་སྤྱོད་རྒྱུ་ཡོང་བའི་འགན་ལེན་བྱེད་བཞིན་འདུག “ད་ཆ་ངའི་ཁྱིམ་གྱི་གློག་བརྟན་པོ་འདུག”ཅེས་ངག་དབང་གིས་དགའ་སྤྲོའི་ངང་བཤད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས“གྲོང་གསེབ་དར་རྒྱས་གཏོང་བར། གློག་ཤུགས་སྔོན་ལ་འཛུགས་སྐྲུན་བྱེད”ཅེས་པ་བྱ་སྤྱོད་ཀྱི་རྩ་འཛིན་དང་། གློག་དྲ་འཛུགས་སྐྲུན་རྨང་གཞིར་བྱེད་པ། གློག་འདོན་ཞབས་ཞུ་འབྲེལ་ཐག་ཏུ་བྱེད་པ། འགན་འཁྲི་འཁུར་བ་འདེགས་སྐྱོར་དུ་བྱས་ཏེ། གངས་ལྗོངས་ས་མཐོར་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗིད་ཉམས་ལྡན་པའི་རོལ་དབྱངས་ཤིག་དཀྲོལ་ཡོད།
གློག་དྲ་རིམ་སྤོར་བྱས་ནས་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་སྒུལ་ཤུགས་ཆེན་པོ་བསྣན་པ།
གྲོང་གསེབ་དར་རྒྱས་ཀྱི“སྒུལ་ཤུགས་ཀྱི་སྲོག་རྩ”ལྟ་བུ་ཡིན་པའི་གློག་དྲ་དེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྤུས་ཚད་དང་ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་ཐད་ཀར་འབྲེལ་བ་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་227བཏང་ནས་གློག་དྲ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ཆན་ཧྥུའུ་500ཡི་གློག་སྐུད་དྲ་སྒྲོམ་གཙོ་བོར་བྱས་པ་དང་ཆན་ཧྥུའུ་110དང་ཆན་ཧྥུའུ་35སོཌ་རིམ་ཁག་གློག་དྲས་མཐུན་སྦྱོར་མཉམ་འགུལ་བྱས་པའི་བོད་ཀྱི་གཅིག་གྱུར་གློག་དྲ་འཛུགས་སྐྲུན་བདེ་བླག་བྱུང་སྟེ། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་གློག་ཤུགས་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་ཕྱིན་པ་དང་གཏོང་འདྲེན་ནུས་ལྡན་ཡང་ཐུབ་ཡོད།
དུས་མཚུངས་སུ་གློག་དྲ་ཆེན་པོ་མི་ཁྱབ་པའི་ཐག་རིང་ལུང་ཁུག་ས་ཁུལ་ལ་དམིགས་ཏེ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་དྲ་ཆུང་འོད་ཤུགས་དང་སྤྱོད་དུད་འོད་ཤུགས་ཟུང་དུ་འབྲེལ་བའི་སྡེབ་སྒྲིག་བྱེད་སྟངས་གསར་གཏོད་བྱས་ནས་ཁྱབ་གདལ་བཏང་བ་སྟེ། ཆབ་མདོ་དང་། ནག་ཆུ། མངའ་རིས་བཅས་ཀྱི་རྫོང་དང་ཆུས་5རུ་དྲ་ཕྲན་འོད་ཤུགས་གློག་ཁང་12བསྐྲུན་ནས་མཐའ་འཁོར་གྱི་འབྲོག་པ་གཏན་སྡོད་བྱ་ཡུལ་གྱི་གཞི་རྩའི་གློག་འགན་ལེན་བྱས་ཡོད།
གྲངས་གཞི་ལས་མངོན་པར། བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྐུད་གསུམ་གློག་གི་ཆུ་ཚོད་ཁ་གྲངས་2021ལོའི་དུད་ཚང་1221ནས་2025ལོའི་དུད་ཚང་18838བར་མང་དུ་སོང་ནས་ལྡབ་14ལྷག་ཙམ་འཕར་ཏེ། ནས་ལས་སྣོན་དང་། ཕྱུགས་རིགས་གསོ་སྤེལ། གྲོང་གསེབ་ཡུལ་སྐོར་སོགས་ཐོན་ལས་ལ་བརྟན་ཞིང་ཤུགས་ཆེའི་སྒུལ་ཤུགས་བསྣན་ཡོད།
ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་གློག་སྤྱོད་རྒྱུ་ཡོད་པ་ནས་གློག་ཡག་པོ་སྤྱོད་རྒྱུ་ཡོད་པའི་བར་ཚད་བརྒལ་བྱུང་བ།
གློག་སྤྱོད་རྒྱུ་ཡོད་པ་ནས་གློག་ཡག་པོ་སྤྱོད་རྒྱུ་ཡོད་པའི་བར་ནི་ཞིང་འབྲོག་པས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཅིག་རེད་ལ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཞབས་ཞུ་རིམ་སྤོར་བྱེད་པའི་ལྟེ་བའི་དམིགས་ཚད་ཀྱང་རེད།
རྫོང་གློག་འདོན་ཀུང་སི་66གིས་དོ་དམ་བྱེད་ཁོངས་གཞན་སྒྱུར་བྱས་པ་དང་ཆབས་ཅིག རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་9སྤྱི་འདོམས་བྱས་ཏེ་རིག་ནུས་གློག་གི་ཆུ་ཚོད་སྒྱུར་བཀོད་ལ་སྐུལ་འདེད་བཏང་ཞིང་། རིམ་རྩིས་བརྒྱབ་ན་ཞིང་འབྲོག་དུད་ཚང་ཁྲི་51.22ལ་རིག་ནུས་གློག་གི་ཆུ་ཚོད་བསྒར་ཡོད།
ལྗོངས་ཡོངས་སུ་ཤང་གྲོང་གློག་ཁང་4གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་དང་། “གྲོང་དྲ་མཉམ་སྐྲུན”གྱི་དཔེ་སྟོན་ས་ཚིགས་74བཏོད་པ། མདུན་གྲལ་དྲ་མིག་ཅན་གྱི་ཞབས་ཞུའི་སྒྲིག་གཞི་དང་དོ་དམ་བྱེད་སྟངས་རིམ་བཞིན་ལེགས་སུ་བཏང་བ། གློག་གཏོང་ཞབས་ཞུའི་ས་ཚིགས་28བསྐྲུན་པ། དྲ་མིག་ཅིང་ལིའི་འགན་འཁྲིའི་གསལ་ཐོ་818བཞག་ཡོད།
འགན་འཁྲི་ལེགས་པར་ཁུར་ནས་དཔེ་སྟོན་དཔེ་མཚོན་བཏོད་པ་དང་དམངས་འཚོར་ཕན་པ་ཆེན་པོ་བཏགས་པ།
གྲོང་གསེབ་དར་རྒྱས་གཏོང་བའི་བརྒྱུད་རིམ་ནང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་རང་འགུལ་ངང་འགན་འཁྲི་ཕྲག་ཏུ་ཁུར་ཏེ། བྱེད་ཐབས་ཏན་ཏིག་སྤྱད་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།
ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་ནས་དཔེ་སྟོན་དཔེ་མཚོན་བཏོད་ཅིང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོར་ནུས་རྒྱུ་གཙང་མ་དང་སྤུས་ལེགས་ཞབས་ཞུ་ཟུང་དུ་འབྲེལ་བའི་སྒུལ་བྱེད་འཕྲུལ་འཁོར་གཉིས་ཀྱི་དཔེ་སྟོན་གྲོང་ཚོ་བསྐྲུན་པ་དང་། ཆན་ཝ་100ཡི་ཁྱབ་ཚུལ་རྣམ་པའི་འོད་ཤུགས་གློག་ཁང་བཙུགས་ནས་ནུས་རྒྱུ་གཙང་མའི་གློག་100%བཏང་བ་མ་ཟད། ད་དུང་དུད་ཚང་རེར་ཆེད་དམིགས་སྤྱོད་དུད་ཅིང་ལི་བཀོད་སྒྲིག་བྱས་ཏེ་གློག་སྤྱོད་ཞབས་འདེགས་ཆུ་ཚོད་24ཞུས་ཡོད། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་ཁྱུང་གླིང་གྲོང་ཚོས་གློག་ཤུགས་རིག་ནུས་ཅན་གྱི་དཔེ་སྟོན་གྲོང་ཚོ་བཏོད་པ་དང་། རིག་ནུས་གློག་གི་ཆུ་ཚོད་120ལྷག་ཙམ་བསྒར་བ་བརྒྱུད་རྒྱང་བསྟེན་གློག་སྤྱོད་ཆུ་ཚོད་ཨང་གྲངས་བཤུ་ཐུབ་ཡོད་ལ་སྐྱོན་ཤོར་སྐབས་རང་འགུལ་ངང་ཉེན་བརྡ་ཡང་གཏོང་ཐུབ་པ། ཡུལ་མིས་དྲ་ཐོག་ནས་གློག་གི་ལས་སྒོ་སྒྲུབ་ཚད་100%ཟིན་ཏེ་གྲོང་གསེབ་ཀྱི་རིག་ནུས་ཅན་གྱི་གློག་གཏོང་མ་དཔེར་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།