དིང་རི་རྫོང་ལོ་ལོའི་ཚ་དྲོད་ཆེ་བའི་ས་འོག་ནུས་ཁུངས་རྩད་ཞིབ་གྲུབ་འབྲས་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པ།

འདི་ནི་བོད་ལྗོངས་དིང་རི་རྫོང་ལོ་ལོའི་ཚ་དྲོད་ཆེ་བའི་ས་འོག་ཚ་ནུས་ཀྱི་ཐོག་མའི་རྩད་ཞིབ་བྱེད་རིན་ཡོད་པའི་གདེང་འཇོག་རྣམ་གྲངས་ཀྱི་ལས་ཡུལ་དུ་ལག་རྩལ་མི་སྣས་ཆུ་ཚན་ལ་ཚོད་ལྟ་བྱེད་བཞིན་པ།
ཉིན་ཤས་གོང་གསར་འགོད་པས་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཟླ་བ་བཅུ་པའི་ཟླ་མཇུག་ལ་ཡུན་ནན་ཁུན་མིང་དུ་འཚོགས་པའི་ཀྲུང་གོའི་ས་གཤིས་སློབ་ཚོགས་ཀྱི་2025ལོའི་རིག་གཞུང་ལོ་ཚོགས་ཐོག་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུས་ས་འོག་ཚ་ནུས་ས་གཤིས་རུ་ཆེན་གྱིས་ལེགས་གྲུབ་བྱས་པའི“ལྷ་རྒོད་གངས་རིའི་ར་ལམ་ཉིལ་ཁུལ་དབུས་རྒྱུད་དུ་ཚ་དྲོད་ཆེ་བའི་ས་འོག་ནུས་ཁུངས་ཐོག་མར་འཚོལ་ཞིབ་ཐུབ་པའི”གྲུབ་འབྲས་དེ་ཀྲུང་གོའི་ས་གཤིས་སློབ་ཚོགས་ཀྱི་2024ལོའི་གལ་ཆེའི་ས་གཤིས་ཚན་རྩལ་ཡར་རྒྱས་བྱ་དགར་བདེ་བླག་ངང་བདམས་ནས། ཚོགས་ཆེན་ཐོག་གཟེངས་བསྟོད་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱ་དགའ་ཐོབ་པའི་གྲུབ་འབྲས་དེ་ནི་བོད་ལྗོངས་ས་འོག་ཚ་ནུས་ས་གཤིས་རུ་ཁག་གིས་འགན་འཁུར་བའི་དིང་རི་རྫོང་ལོ་ལོའི་ས་འོག་ཚ་ནུས་ཀྱི་ཐོག་མའི་རྩད་ཞིབ་བྱེད་རིན་ཡོད་པའི་རྣམ་གྲངས་ཤིག་རེད། རྣམ་གྲངས་དེ་2023ལོའི་ཟླ་8པར་འགོ་ཚུགས་པ་ནས་བཟུང་། རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུས་དང་དིང་རི་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་ཅིང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་རྡོ་རྗེའི་མཛུབ་སྟོན་འོག་གསར་གཏོད་རང་བཞིན་གྱིས་ཕྱོགས་བསྡུས་ས་གཤིས་དང་སའི་གོ་ལའི་དངོས་ཁམས་རྩད་ཞིབ་ལག་རྩལ་བཀོལ་སྤྱོད་བྱས་ནས་རྩད་ཞིབ་ལས་གྲྭ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཤིང་། ཟླ་བ་14ཡི་རིང་བརྒྱུད་རིམ་ལྡན་པའི་རྩད་ཞིབ་བྱས་པ་བརྒྱུད་ལོ་ལོའི་ས་འོག་ཚ་ནུས་ཁུལ་དུ་དྲོད་ཚད་180℃ལས་བརྒལ་བའི་ས་འོག་ཚ་ནུས་ཁྲོན་པ་གསུམ་བདེ་བླག་ངང་གསོར་འབིགས་བྱས་པ་རེད། དེའི་ཁྲོད་ཁྲོན་པ་ZK01གིས་རྙོག་འཛིང་ཆེ་བའི་ས་གཤིས་ཆ་རྐྱེན་ཁྱད་བསད་བྱས་ཏེ་གཏིང་ཚད་སྨི་350ཡི་སར་དྲོད་ཚད་193℃གྱི་ཚ་དྲོད་ཆེ་བའི་ཆུ་ཚན་གཤེར་རླངས་ཉིས་རྒྱུག་གི་རྣམ་པ་འཚོལ་ཞིབ་ཐུབ་པ་དང་། དེའི་གསོར་འབིགས་ཁྲོད་འཕྲད་པའི་དྲོད་གསོག་ཚ་ཚད་སྐབས་ཤིག་བོད་ཀྱི་ཨང་བཞི་པར་སླེབས་པ་དེས། ཆུ་ཚན་ཁུལ་དེའི་གཏིང་རིམ་གྱི་དྲོད་ཚད་200℃ལས་བརྒལ་རེ་ཡོད་པ་དང་དཔལ་འབྱོར་གསར་སྤེལ་གྱི་མདུན་ལམ་ཆེན་པོ་ལྡན་ཞིང་ཚ་དྲོད་ཆེ་བའི་ས་འོག་ནུས་ཁུངས་ཡིན་པ་ནུས་ལྡན་གྱིས་ར་སྤྲོད་བྱས་པ་རེད།
འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གྲུབ་འབྲས་དེར་ཚན་རིག་གི་དོན་སྙིང་དང་ཉེར་སྤྱོད་རིན་ཐང་གལ་ཆེན་ལྡན་ཡོད་པ་སྟེ། གཅིག་ནི་གཏེར་འཚོལ་རིགས་གཞུང་གི་གལ་ཆེའི་ཚད་བརྒལ་མངོན་འགྱུར་བྱུང་ཞིང་། གྲུབ་འབྲས་ལྡན་པའི་སྒོ་ནས་ལྷ་རྒོད་གངས་རིའི་ར་ལམ་ནར་རྐྱོང་དབུས་རྒྱུད་དུ་དཔེ་མཚོན་གྱི་ཚ་དྲོད་ཆེ་བའི་ས་འོག་ནུས་ཁུངས་ཐོག་མར་འཚོལ་ཞིབ་ཐུབ་པ་དེས། སྲོལ་རྒྱུན་ལྟར་ན་བོད་ཀྱི་ཚ་དྲོད་ཆེ་བའི་ས་འོག་ཚ་ཞིང་ནི་ལྷོ་བྱང་ཕྱོགས་ཀྱི་རོང་ཁུལ་དང་ཡར་ཀླུང་གཙང་པོ་ཟུམ་ཁུལ་ཁོ་ནར་གནས་པའི་ངོས་འཛིན་ལ་འགྱུར་ལྡོག་བཏང་ཡོད། གཉིས་ནི་ཚ་གཏེར་གྲུབ་པའི་དཔེ་དབྱིབས་གསར་གཏོད་ཀྱིས་བཏོན་པ་སྟེ། རྩད་ཞིབ་ཀྱི་གྲུབ་འབྲས་ལ་གཞིགས་ནས་གསར་གཏོད་རང་བཞིན་གྱིས“ལྷ་རྒོད་གངས་རིའི་ར་ལམ་ཡུག་ཁུལ་གྱི་ས་འོག་ཚ་གཏེར་གྲུབ་པའི་དཔེ་དབྱིབས་རྣམ་པ”བཏོན་པ་དེས་བོད་ལྗོངས་ལྷོ་རྒྱུད་ཀྱི་ས་བབ་ཀྱི་དམིགས་བསལ་གྲུབ་ཚུལ་གྱི་རྒྱབ་ལྗོངས་འོག ཚ་དྲོད་ཆེ་བའི་ས་འོག་ཚ་ནུས་ཆགས་པའི་རྐྱེན་རྩར་རྒྱུས་ལོན་གཏིང་ཟབ་བྱེད་པར་རིགས་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད། གསུམ་ནི་ལས་རིགས་ཀྱི་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་སྟེ། གྲུབ་ཟིན་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་ལག་རྩལ་གྱི་ཐབས་ཤེས་དེས་རིགས་མཚུངས་ཀྱི་ས་འོག་ཚ་ནུས་རྩད་ཞིབ་གསར་སྤེལ་ལ་གལ་ཆེའི་དཔྱད་གཞི་མཁོ་འདོན་བྱས་ཡོད་པས། ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱེད་པར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
འབྲེལ་ཡོད་གསར་འགྱུར།