གློག་ཤུགས་ཀྱི་མེ་སྐྱོན་སྔོན་འགོག་བྱེད་ཐབས།
ཉེ་དུས་དྲོད་ཚད་ཆག་པས་གྲོང་མིས་གློག་ཆས་སྤྱོད་ཚད་མང་དུ་ཕྱིན་ཞིང་། གློག་སྐུད་རྙིང་པ་ཆགས་པ་དང་གློག་ཤུགས་སྒྲིག་ཆས་བཀོལ་སྤྱོད་ཡག་པོ་མ་བྱུང་བ་སོགས་ཀྱི་རྐྱེན་པས། གློག་ཤུགས་ཀྱི་མེ་སྐྱོན་ཐོན་ཉེན་ཆེན་པོ་ཡོད། གློག་ཤུགས་ཀྱི་མེ་སྐྱོན་སྔོན་འགོག་བྱེད་ཐབས་ཤེས་པར་བྱས་ཏེ་གློག་ཤུགས་ཀྱི་མེ་སྐྱོན་སྔོན་འགོག་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ།
གཅིག ཅི་ཞིག་ལ་གློག་ཤུགས་ཀྱི་མེ་སྐྱོན་ཟེར་རམ།
གློག་ཤུགས་ཀྱི་མེ་སྐྱོན་ཞེས་པ་ནི་གློག་ཤུགས་ཀྱི་གློག་སྐུད་དང་སྒྲིག་ཆས་སོགས་ལ་སྐྱོན་ཤོར་ནས་ཐོན་པའི་མེ་སྐྱོན་ལ་ཟེར།
རྒྱུན་གཏན་གློག་ཤུགས་ཀྱི་མེ་སྐྱོན་ཐོན་པའི་རྒྱུ་རྐྱེན་སྣ་ཚོགས་ཡོད་དེ།
1.གློག་སྐུད་ཀྱི་ཐེག་ཚད་ལས་བརྒལ་བས་ཧོབ་སྟེ་ཚ་པོ་ཆགས་ཏེ་གློག་སྐུད་འཚིག་པ་ལས་མེ་སྐྱོན་ཐོན་པ།
2.ཁྱིམ་སྤྱོད་གློག་ཆས་ཀྱི་བསྒར་སྣེ་དུས་ཐོག་ཏུ་མ་བཀོག་པའི་དབང་གིས་དུས་ཡུན་རིང་པོ་སོང་ནས་ཚ་པོ་ཆགས་པའི་རྐྱེན་གྱིས་མེ་སྐྱོན་ཐོན་པ།
3.འདྲེན་སྐུད་སྦྲེལ་མཐུད་ཡག་པོ་མ་བྱུང་བ་དང་གློག་ཡག་པོ་མཐུད་མ་ཐུབ་པའི་རྐྱེན་གྱིས་གློག་སྐུད་འཚིག་ནས་མེ་སྐྱོན་ཐོན་པ།
4.ཁྱིམ་སྤྱོད་གློག་ཆས་རྙིང་པར་གྱུར་ནས་སྐྱོན་ཤོར་ཡང་དུས་ཐོག་ཏུ་མ་བཟོས་པའི་དབང་གིས་གློག་མཐུད་སྐབས་མེ་སྟག་ཐོན་ནས་མེ་སྐྱོན་ཐོན་པ།
གཉིས། གློག་ཤུགས་ཀྱི་མེ་སྐྱོན་ཐོན་པའི་སྔ་ལྟས་ཆེན་པོ་ལྔ།
1.རང་འགག་གློག་སྒོ་ཡང་ཡང་ཆད་པ། དེས་གློག་སྐུད་འཚིག་པ་དང་ཐེག་ཚད་ལས་བརྒལ་བའམ་ཡང་ན་གློག་ཤོར་བའི་གནས་ཚུལ་ཡོད་སྲིད་པ་མཚོན་པས། དུས་ཐོག་ཏུ་གྲལ་བཤེར་བྱེད་དགོས།
2.གློག་ཆས་ལ་རེག་སྐབས་གློག་འཁྱུད་པའི་ཚོར་སྣང་ཡོད་པ། དེས་གློག་ཆས་ནས་གློག་ཤོར་བ་དང་། ས་སྐུད་འབྲེལ་མཐུད་ཡག་པོ་མ་བྱུང་བ་སོགས་ཀྱི་གནས་ཚུལ་ཡོད་པ་མཚོན་པས། གལ་ཏེ་མུ་མཐུད་བེད་སྤྱོད་བྱས་ན། མེ་སྐྱོན་ཐོན་པ་དང་གློག་འཁྱུད་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།
3.གློག་སྐུད་བསྒར་གདན་དང་། གློག་མཐུད་སྒམ། གློག་སྐུད་འཁྲིད་ཡོད་པའི་གྱང་ངོས་སུ་སེར་པོ་དང་ནག་པོ་ཆགས་པའི་ཤུལ་ཡོད་པ། དེས་གློག་སྐུད་ཀྱི་སྣེ་སྦྲེལ་ནས་མེ་ཤོར་བ་དང་། བསྒར་གདན་གྱི་གློག་སྐུད་འབྲེལ་མཐུད་ཡག་པོ་མ་བྱུང་བ་སོགས་ཀྱི་གནས་ཚུལ་ཡོད་པ་མཚོན་པས། ངེས་པར་དུ་ཞིབ་བཤེར་བྱས་རྗེས་གཞི་ནས་བེད་སྤྱོད་བྱེད་དགོས།
4.གློག་སྒྲོན་གསལ་ལ་མི་གསལ་བྱེད་པ། དེ་ནི་གློག་སྒྲོན་རྙིང་པར་གྱུར་པ་ཕུད། ད་དུང་གློག་སྐུད་འབྲེལ་མཐུད་ཡག་པོ་མ་བྱུང་བའམ་ཡང་ན་གློག་ཟད་ཤུགས་ཆེ་བའི་གློག་ཆས་དུས་མཉམ་དུ་བཀོལ་སྤྱོད་བྱས་པ་ལས་གློག་གནོན་བརྟན་པོ་མ་བྱུང་བས། གློག་སྐུད་ལ་ཉམས་བཟོ་བྱེད་པའམ་ཡང་ན་གློག་ཟད་ཤུགས་ཆེ་བའི་གློག་ཆས་སྤྱོད་མཚམས་འཇོག་དགོས།
5.འཚིག་དྲི(ལྷག་པར་དུ་འགྱིག་དྲི)ཁ་བ། དེ་ནི་གློག་སྐུད་འབྲེལ་མཐུད་ཡག་པོ་མ་བྱུང་བ་དང་། གློག་སྐུད་འཚིག་པ། ཐེག་ཚད་ལས་བརྒལ་བ་སོགས་ཀྱི་རྐྱེན་ལས་གློག་འགོག་འགྱིག་ཤུན་ཞུ་བ་ཡིན་སྲིད་པས་དུས་ཐོག་ཏུ་བརྗེ་དགོས།
གསུམ། གློག་ཤུགས་ཀྱི་མེ་སྐྱོན་སྔོན་འགོག་བྱེད་ཐབས།
1.ཚད་ལོན་པའི་གློག་སྤྱོད་སྒྲིག་ཆས་སྤྱོད་དགོས ཁང་པའི་བཀོད་འདོན་དང་གློག་ཆས་དང་གློག་སྐུད་བརྗེ་སྐབས། སྤུས་ཀ་ཡག་པའི་གློག་སྐུད་དང་ལྷུ་ལག་ཉོ་དགོས་པ་ལས། ཁེ་འདོད་དབང་གིས“མེད་པ་གསུམ”གྱི་ཐོན་རྫས་ཉོ་མི་རུང་ལ། རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ལ་དེ་བས་ཀྱང་དོགས་ཟོན་བྱེད་དགོས།
2.གློག་སྐུད་དུས་ཐོག་ཏུ་བརྗེ་དགོས། ཁྱིམ་གྱི་གློག་སྐུད་དུས་ཐོག་ཏུ་བརྗེ་དགོས་ཤིང་། བརྗེ་སྐབས་གཟབ་ནན་མ་བྱས་པ་ལས་དོན་རྐྱེན་དང་བརྗེས་རྗེས་འབྲེལ་མཐུད་ཚད་དང་མི་མཐུན་པའི་དབང་གིས་གློག་སྐུད་འཚིག་ནས་མེ་སྐྱོན་མི་ཐོན་པའི་ཆེད་དུ། ལས་གཉེར་ཐོབ་ཐང་ལག་ཁྱེར་ཡོད་པའི་གློག་ལས་པ་བཙལ་ནས་བརྗེ་དགོས།
3.གློག་སྐུད་ཀྱིས་ཐེག་པའི་གློག་ཆས་སྤྱོད་དགོས། གལ་ཏེ་གློག་སྐུད་ཀྱི་ཐེག་ཚད་ལས་བརྒལ་ནས་བེད་སྤྱོད་བཏང་ན་མེ་སྐྱོན་ཐོན་པའམ་ཡང་ན་བེད་སྤྱོད་བྱེད་བཞིན་པའི་གློག་ཆས་འཚིག་སྲིད། དེར་བརྟེན་ངེས་པར་དུ་གློག་སྐུད་ཀྱིས་ཐེག་པའི་གློག་ཆས་སྤྱོད་དགོས།
4.གློག་མ་ཤོར་བའི་སྲུང་ཆས་བསྒར་དགོས། ཁྱིམ་དུ་ཐེག་ཚད་ལས་བརྒལ་ནས་གློག་སྤྱད་པའི་དབང་གིས་གློག་སྐུད་ཀྱི་ཞ་སྐུད་ཆད་ན། ཟངས་སྐུད་དམ་ལྕགས་སྐུད་ཀྱིས་ཚབ་བྱེད་མི་རུང་། དེ་དང་དུས་མཚུངས་སུ་གློག་མི་ཤོར་བའི་སྲུང་ཆས་བསྒར་དགོས།
5.གློག་སྐུད་བསྒར་གདན་ལ་གློག་ཆས་མང་པོ་དུས་གཅིག་ཏུ་འཛུགས་མི་ཉན། སྤྱིར་བཏང་གི་གློག་སྐུད་བསྒར་གདན་དང་ནུས་མང་གློག་སྐུད་བསྒར་གདན་ནི་ཁྱིམ་སྤྱོད་གློག་ཆས་ཀྱི་རྒྱུན་སྤྱོད་གློག་སྐུད་བསྒར་ས་ཞིག་རེད། གློག་སྐུད་བསྒར་གདན་ཉོ་སྐབས་སྤུས་ཚད་ལ་འགན་ལེན་ཡོད་པའི་ཐོན་རྫས་འདེམས་དགོས། དེ་དང་དུས་མཚུངས་སུ་གློག་ཟད་ཤུགས་ཅུང་ཆེ་བའི་གློག་ཆས་གཉིས་དུས་གཅིག་ཏུ་གློག་སྐུད་བསྒར་གདན་གཅིག་གི་སྟེང་དུ་འཛུགས་མི་ཉན།
6.ཁྱིམ་ནས་བྲལ་སྐབས་གློག་གསོད་དགོས། གློག་ཤུགས་སྒྲིག་ཆས་སྤྱད་ཟིན་རྗེས་དུས་ཐོག་ཏུ་གློག་གསོད་དགོས་ཤིང་། ཁྱིམ་སྤྱོད་གློག་ཆས་སྤྱོད་ཡུན་རིང་དྲགས་ནས་འཕྲུལ་ཆས་ཚ་པོ་ཆགས་ཏེ་མེ་སྐྱོན་མི་ཐོན་པ་བྱ་ཆེད། ཁྱིམ་ནས་བྲལ་སྐབས་ངེས་པར་དུ་གློག་ཆས་སྤྱོད་མཚམས་འཇོག་དགོས་པ་མ་ཟད། གློག་ཀྱང་གསོད་དགོས།
(བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)
འབྲེལ་ཡོད་གསར་འགྱུར།