སློབ་གྲྭ་འབྲིང་ཆུང་གི་དགུན་ཁའི་གུང་གསེང་གི་དུས་ཚོད་གཏན་འཁེལ་འདུག
ཉེ་ཆར། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་བརྡ་ཐོ་བཀྲམ་ནས། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགུན་ཁའི་གུང་གསེང་དང་དེ་བཞིན་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ཏེ། སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་ཚད་ལྡན་དུ་བཏང་བ་མ་ཟད། དགེ་སློབ་ཚོ་བདེ་འཇགས་ངང་གུང་གསེང་གཏོང་ཐུབ་པ་བྱས་ནས། དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་ལས་དོན་ཁག་དང་སྦྲེལ་མཐུད་བརྟན་པོ་ཡོང་བར་བྱས་ཡོད་པ་རེད།
བརྡ་ཐོའི་ནང་ཁ་གསལ་བཏོན་དོན། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་2025ལོའི་ཟླ་12ཚེས་31ཉིན་གཅིག་གྱུར་ཐོག་གུང་གསེང་འཇོག་རྒྱུ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མཇུག་ཡིག་ཚད་ཟླ་12ཚེས་23ཉིན་གྱི་སྔོན་དུ་གཏོང་མི་ཆོག་པ་དང་། བུ་བཅོལ་ཁང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་གནམ་གཤིས་ཀྱི་གནས་ཚུལ་དང་བསྟུན་ནས་འོས་འཚམ་ངང་སྔ་སྣུར་དུ་གུང་གསེང་འཇོག་ཆོག 2026ལོའི་ཟླ་3ཚེས་1ཉིན་འབྱོར་ཐོ་འགོད་དགོས་པ་དང་ཟླ་3ཚེས་2ཉིན་དངོས་སུ་སློབ་འགོ་ཚུགས་རྒྱུ་ཡིན་པ་རེད།
བརྡ་ཐོའི་ནང་ནན་བཤད་བྱས་དོན། སྒྲིག་འགལ་གྱི་གསབ་ཁྲིད་བྱེད་སྤྱོད་སྣ་ཚོགས་གཏན་འགོག་བྱེད་དགོས་ཤིང་། སློབ་གྲྭས་མཉམ་སྡེབ་གསབ་ཁྲིད་སྒྲིག་འཛུགས་བྱེད་མི་ཆོག་ལ། དགེ་རྒན་གྱིས་སློབ་ཡོན་བླངས་ནས་གསབ་ཁྲིད་བྱེད་མི་ཆོག རྫོང(ཆུས)ཁག་གིས་ལྟ་སྐུལ་ཐེར་འདོན་ཁ་པར་བཙུགས་ནས་འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། དེ་དང་ཆབས་ཅིག་དགུན་ཁའི་གུང་གསེང་གི་སྦྱོང་ཚན་ཚོད་འཛིན་ནན་པོ་བྱས་ཏེ་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་ཐོག་གི་སྦྱོང་ཚན་བཀོད་སྒྲིག་བྱེད་མི་ཆོག་པ་དང་། དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སྦྱོང་ཚན་ལ་དུས་ཚོད་དང་དུས་མཚམས་དབྱེ་ནས་དོ་དམ་ཚོད་འཛིན་བྱས་ཏེ། ངལ་རྩོལ་དང་སྲོལ་རྒྱུན་རིག་གནས་ལ་བརྟག་ཞིབ་བྱེད་པ་སོགས་ཀྱི་ནང་ཞུགས་རྒྱུར་སྐུལ་མ་བཏང་ནས། སྦྱོང་ཚན་གྱི་གསལ་ཐོ་ཡོངས་བསྒྲགས་ཐོ་འགོད་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།