ས་ཆ་འདི་དག་ལ་དྲོད་ཚད་ཆེན་པོ་ཆག་པ་འདུག
ཟླ་11ཚེས་30ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་ཟླ་12ཚེས་1ནས་6ཉིན་བར་རང་ལྗོངས་ཀྱི་ཤར་རྒྱུད་ཀྱི་ས་ཆ་ཁག་གཅིག་ལ་ཆར་ཆུ་ཡུད་ཙམ་འབབ་རྒྱུ། ཟླ་12ཚེས་7ནས་10ཉིན་བར་རང་ལྗོངས་ཀྱི་ཤར་རྒྱུད་དང་ནུབ་རྒྱུད་ལ་ཆར་ཆུ་འབབ་རྒྱུ་དང་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ་དང་དེའི་རིང་དྲོད་ཚད་ལ་འཕར་ཆག་ཆེན་པོ་འགྲོ་རྒྱུ་ཡིན་ཞིང་། ཚེས་9དང་10ཉིན་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་དྲོད་ཚད་མངོན་གསལ་དོད་པོས་ཆག་རྒྱུ་དང་། ནུབ་རྒྱུད་དུ་སྔར་བཞིན་ལྷགས་པ་ཆེན་པོ་རྒྱག་རྒྱུ་རེད།
གནམ་གཤིས་སྟོན་ཚུལ་གཙོ་བོ།
ཟླ་12ཚེས་1དང་2ཉིན། ཉིང་ཁྲི་དང་། ཆབ་མདོའི་བྱང་རྒྱུད། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།
ཟླ་12ཚེས་3ནས་6ཉིན་བར། ཉིང་ཁྲི་དང་ཆབ་མདོའི་དབུས་རྒྱུད་དང་བྱང་རྒྱུད་དུ་སྤྲིན་པ་མང་པོ་འཁོར་བ་དང་གནམ་འཐིབས་ནས་གངས(ཆར་པ)ཡུད་ཙམ་འབབ་རྒྱུ་དང་། ཚེས་3ཉིན་ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། མངའ་རིས་ཀྱི་ནུབ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།
ཟླ་12ཚེས་7དང་8ཉིན། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དང་། གཞིས་རྩེའི་ནུབ་རྒྱུད་ལ་སྤྲིན་པ་མང་པོ་འཁོར་ནས་གངས(ཆར་པ) ཡུད་ཙམ་འབབ་རྒྱུ་དང་། དེའི་རིང་མངའ་རིས་ཀྱི་ལྷོ་རྒྱུད་ཀྱི་ཤང་དང་གྲོང་རྡལ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ནག་ཆུ་དང་། མངའ་རིས་ཀྱི་ཤར་རྒྱུད། ཉིང་ཁྲི། ཆབ་མདོའི་བྱང་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།
ཟླ་12ཚེས་9དང་10ཉིན། ཉིང་ཁྲི་དང་། ཆབ་མདོའི་དབུས་རྒྱུད་དང་བྱང་རྒྱུད་ལ་གནམ་འཐིབས་ནས་གངས(ཆར་པ)ཡུད་ཙམ་འབབ་རྒྱུ་དང་། ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། དེ་མིན་གྱི་ས་ཆ་གཞན་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། གངས་བབས་རྗེས་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་6བར་ཆག་རྒྱུ་དང་། ལྷག་དོན་ས་ཆ་ཁག་གཅིག་ཏུ་དྲོད་ཚད་ཧྲེ་ཧྲི་ཏུའུ་8ཡན་བར་ཆག་རྒྱུ།
དེའི་རིང་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོ་རྒྱུག་ཁུལ་དང་ཆབ་མདོའི་བྱང་རྒྱུད་དུ་ཐོལ་རླུང་རིམ་པ་4ཡས་མས་རྒྱག་རྒྱུ།
འབྲེལ་ཡོད་གསར་འགྱུར།