རྒྱལ་ཡོངས་ཀྱི་སྤྱི་དམངས་གངས་འཁྱགས་དུས་ཚིགས་སྐབས་བཅུ་གཉིས་པ་ཟླ་བ་བཅུ་གཉིས་པའི་ཟླ་མཇུག་ཏུ་ཁྲང་ཁྲུན་དུ་འགོ་ཚུགས་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གསར་འགོད་པར་པེ་ཅིང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་སྤྱི་དམངས་གངས་འཁྱགས་དུས་ཚིགས་སྐབས་བཅུ་གཉིས་པ་ཟླ་བ་བཅུ་གཉིས་པའི་ཟླ་མཇུག་ཏུ་ཁྲང་ཁྲུན་དུ་འགོ་ཚུགས་རྒྱུ་དང་། ཅི་ལིན་ཞིང་ཆེན་གྱིས་གངས་འཁྱགས་འགྲན་བསྡུར་རྣམ་གྲངས་ཁག་300ལྷག་སྤེལ་རྒྱུ་ཡིན་པ་རེད།
ཁྲང་ཁྲུན་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀའོ་ཅི་ཧྥུང་གིས། ད་ཐེངས་ཀྱི་རྒྱལ་ཡོངས་ཀྱི་སྤྱི་དམངས་གངས་འཁྱགས་དུས་ཚིགས་ནང་འགོ་ཚུགས་མཛད་སྒོ་དང་། གངས་འཁྱགས་འགྲན་བསྡུར་གྱི་བྱེད་སྒོ། ཁྲང་ཁྲུན་གྲོང་ཁྱེར་གྱི་གངས་འཁྱགས་ལུས་རྩལ་སྐབས་དང་པོའི་དགའ་ནེའུ་དུས་ཆེན་བཅས་ནང་དོན་གསུམ་ཚུད་ཡོད། འགོ་ཚུགས་མཛད་སྒོ་ཟླ་བ་བཅུ་གཉིས་པའི་ཟླ་མཇུག་ཏུ་འཚོག་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་ཁྲུན་ལུའུ་ཡིས། གངས་འཁྱགས་དུས་ཚིགས་གཉེར་རིང་། དགུན་དུས་ལུས་རྩལ་འགྲན་ཚོགས་ལྟེ་གནས་སོགས་འབྲེལ་ཡོད་ཚན་པས་2025ལོ་དང་2026ལོའི་རྒྱལ་ཡོངས་ཀྱི་སྤྱི་དམངས་གངས་ཤུད་ལག་རྩལ་ཚད་ལོན་འགྲན་བསྡུར་དང་། རྒྱལ་ཡོངས་ཀྱི་སྤྱི་དམངས་ཁང་ཕྱིའི་མྱུར་ཚད་འཁྱགས་ཤུད་འགྲན་སློང་འགྲན་བསྡུར་སོགས་སྤུས་རྟགས་ཀྱི་འགྲན་བསྡུར་བྱེད་སྒོ་སྤེལ་རྒྱུ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རིག་གནས་དང་ཡུལ་སྐོར་པུའུ་ཡིས“འགྲན་བསྡུར་ཞོར་དུ་ཡུལ་སྐོར་བྱེད”ཅེས་པའི་2025ལོ་དང་2026ལོའི་རྒྱལ་ཡོངས་ཀྱི་གངས་འཁྱགས་འགྲན་བསྡུར་གྱི་དཀར་ཆག་ཡོངས་བསྒྲགས་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཚོགས་པ་སིའི་རིམ་གཉིས་སྐོར་གཟིགས་པ་དབྱང་མེན་གྱིས། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། སྐབས་འདིའི་རྒྱལ་ཡོངས་ཀྱི་སྤྱི་དམངས་གངས་འཁྱགས་དུས་ཚིགས་ཀྱིས་གངས་འཁྱགས་འགྲན་བསྡུར་ཁག་900ལྷག་ཙམ་དང་། གངས་འཁྱགས་བྱེད་སྒོ་ཁག་700ལྷག་ཙམ། གངས་འཁྱགས་ཀྱི་དགའ་ནེའུ་དུས་ཆེན་སོགས་ཕྱོགས་བསྡུས་རང་བཞིན་གྱི་བྱེད་སྒོ་ཁག་400ལྷག་ཙམ་བཅས་ཚུད་པའི་རིམ་ཁག་དང་རིགས་ཁག་གི་མང་ཚོགས་གངས་འཁྱགས་འགྲན་བསྡུར་བྱེད་སྒོ་ཁག་2000ལྷག་སྤེལ་རྒྱུ་རེད་ཅེས་བཤད།
འབྲེལ་ཡོད་གསར་འགྱུར།