《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སློབ་སྦྱོང་རྩ་གནད(2025ལོའི་པར་མ)》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་གཏིང་ཟབ་ཕྱོགས་སུ་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཕྱི་འབྲེལ་པུས་2021ལོར་དཔེ་སྐྲུན་བྱས་པའི《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སློབ་སྦྱོང་རྩ་གནད》ལ་གསར་དུ་བཅོས་བརྒྱབ་ནས་ཡང་བསྐྱར་དཔེ་སྐྲུན་བྱས་ཏེ། 《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སློབ་སྦྱོང་རྩ་གནད(2025ལོའི་པར་མ)》(གཤམ་དུ《རྩ་གནད(2025ལོའི་པར་མ)》ཞེས་བསྡུ་རྒྱུ)རྩོམ་སྒྲིག་བྱས་ཤིང་། མི་དམངས་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་ཏེ་ཚེས་28ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་ནན་པོ་བྱས་ཏེ། ཕྱི་ཕྱོགས་ལས་དོན་ཐད་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་གལ་ཆེན་རབ་དང་རིམ་པ་བྱས་པ་དང་། རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་ལ་འགོ་ཁྲིད་བྱས་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་བཅས་ལས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་དགོངས་པ་ཕྱི་འབྲེལ་ཁྱབ་ཁོངས་སུ་གཅིག་སྡུད་ཐོག་མཚོན་པ་ཞིག དུས་རབས་གསར་པའི་རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་གྱི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་རེད།
《རྩ་གནད(2025ལོའི་པར་མ)》དེར་ཁྱོན་ལེའུ་14དང་། དཀར་ཆག་50 དོན་ཚན་132 ཡིག་འབྲུ་ཁྲི་10.3བཅས་ཡོད། དེབ་ཧྲིལ་པོའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཕྱི་འབྲེལ་ཁྱབ་ཁོངས་སུ་ཕུལ་བའི་ཐོག་མའི་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་དང་འཕེལ་རྒྱས་གསར་ཤོས་ཕྱོགས་ཡོངས་ནས་མཚོན་པ་དང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་། ནང་དོན་ཟབ་མོ། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད། འོད་སྟོང་འཕྲོ་བའི་ལག་ལེན་བཅས་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་བྱས་ཡོད་པས། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་དབང་གྲགས་ལྡན་པའི་ཀློག་དེབ་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད།
ཀྲུང་དབྱང་དྲིལ་བསྒྲགས་པུས་བརྡ་ཐོ་བཏང་ནས། 《རྩ་གནད (2025ལོའི་པར་མ)》དེ་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། ལས་བྱེད་པའི་གསོ་སྦྱོང་། ཏང་ཡོན་གྱི་སློབ་སྦྱོང་བཅས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། དད་སེམས་བརྟན་པོས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། བསམ་བློ་ཞིབ་ཚགས་བཏང་ནས་གོ་བ་གཏིང་ཟབ་ལེན་པ། ཤེས་སྦྱོར་གཅིག་མཐུན་ཡོང་བ་བཅས་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དེ་བས་གོ་བ་ཟབ་མོ་ལོན་པ་དང་ཁོང་དུ་ཆུད་པར་བྱེད་པ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།