དགུན་དུས་ས་མཐོའི་ཡུལ་ལྗོངས་དེ་བས་མཚར། གནས་སྐོར་འགྲུལ་པའི་རྒྱུན་ལ་ཆད་དུས་མེད།

འདི་ནི་ལྷོ་ཁ་གྲོང་ཁྱེར་ཕུ་མ་གཡུ་མཚོའི་འགྲམ་དུ་ཡུལ་སྐོར་བས་མཚོ་མོའི་ཡུལ་ལྗོངས་ལ་པར་བརྒྱབ་ནས་ས་མཐོའི་དགུན་དུས་ཀྱི་མཛེས་ལྗོངས་ཉམས་སུ་མྱོང་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མེན་གྱིས་པར་བརྒྱབ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྲིད་ཇུས་ཀྱི་ཁྲིད་སྟོན་དང་། ཐོན་ཁུངས་བསྡུ་སྒྲིལ། དྲིལ་བསྒྲགས་ཁྱབ་གདལ་བཅས་བྱེད་པ་བརྒྱུད། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད། སྲིད་གཞུང་གིས་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། དགུན་དུས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་དང་ཆབས་ཅིག རྒྱལ་སྤྱིའི་ཡུལ་སྐོར་རྩ་འཛུགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཡོད། རྒྱལ་སྤྱིའི་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་འགྲེམས་ཚོགས་སོགས་ཀྱི་བྱེད་སྒོར་ཞུགས་པ་བརྒྱུད“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་གོ་ལ་ཧྲིལ་པོའི་ཁྲོམ་རར་བཏོན་པས། རྒྱལ་སྤྱིའི་ཡུལ་སྐོར་བ་དེ་བས་མང་བ་ཉམས་ལེན་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད་པ་རེད།
དགུན་དུས་ཡུལ་སྐོར་གྱི་ཁྲོམ་རའི་དགོས་མཁོར་དམིགས་ཏེ། གངས་འཁྱགས་ཡུལ་སྐོར་དང་། སྐྱེ་ཁམས་ལུས་གསོ། དམངས་སྲོལ་རིག་གནས་མྱོང་རོལ་སོགས་སྣ་མང་ཅན་གྱི་ཐོན་རྫས་གསར་གཏོད་བྱས་ནས་བཏོན་ཡོད། རང་ལྗོངས་ཀྱིས་ས་མཐོའི་ཕུན་སུམ་ཚོགས་པའི་གངས་འཁྱགས་ཐོན་ཁུངས་ལ་བརྟེན་ནས། གངས་ཤུད་དང་། གངས་འཁོར། འཁྱགས་ཀླུང་གོམ་འགྲོས་སོགས་ཀྱི་ཁྱད་ལྡན་རྣམ་གྲངས་གསར་སྤེལ་བྱས་ཏེ། གངས་འཁྱགས་ཡུལ་སྐོར་དེ་ཉིད“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བཀྲག་མདངས་འཚེར་སར་འགྱུར་བར་བྱས་ནས། ཡུལ་སྐོར་བར་གངས་འཁྱགས་ཀྱི་ངོ་མཚར་མྱོང་རོལ་ཐུབ་པར་བྱས་པ་དང་སྦྲགས། ས་མཐོའི་ལུས་རྩལ་གྱི་སྤྲོ་སྣང་ཉམས་ལེན་ཐུབ་པའང་བྱས་ཡོད། དམངས་སྲོལ་རིག་གནས་ཉམས་ལེན་ལས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྔོག་འདོན་གཏིང་ཟབ་ཐུབ་སྟེ། བོད་དུ་ལོ་གསར་གཏོང་བ་དང་། ཐང་ག་འབྲི་བ། བོད་ཟས་གཡོས་སྦྱོར་སོགས་ཀྱི་རིག་གནས་ཉམས་ལེན་རྣམ་གྲངས་བཏོན་པས། ཡུལ་སྐོར་བ་རྣམ་གྲངས་དེ་དག་ནང་ཞུགས་ཏེ་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་ཡོད་པ་རེད།
འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། རང་ལྗོངས་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྤུས་རྟགས་གཏོད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། རིག་གནས་ཡུལ་སྐོར་ཐོན་ལས་རྩེར་སོན་ཅན་དང་། རྒྱལ་སྤྱི་ཅན། རིག་ནུས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཕྱོགས་གཅིག་ནས་བོད་ཀྱི་རིག་གནས་ཀྱི་ནང་དོན་སྔར་བས་སྔོག་འདོན་གྱིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་IPདེ་བས་མང་བ་གཏོད་རྒྱུ་ཡིན་ཏེ། དཔེར་ན། “བོད་ལུགས་གསོ་རིག་རིག་གནས”དང“ཇ་རྟའི་གནའ་ལམ་རིག་གནས”སོགས་ལ་བརྟེན་ནས། རིག་གནས་ཡུལ་སྐོར་ཐོན་ལས་དང་རིག་གནས་དང་། ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་ཡིན་པ་དང་། ཕྱོགས་གཞན་ཞིག་ནས། རྒྱལ་སྤྱིའི་ཡུལ་སྐོར་རྩ་འཛུགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་བཏང་ནས། རྒྱལ་སྤྱིའི་ཡུལ་སྐོར་བ་དེ་བས་མང་བ་ཉམས་ལེན་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་རེད། དེ་དང་དུས་མཚུངས་སུ། རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་གྱི་ཞབས་ཞུ་ལེགས་སུ་བཏང་ནས། རྒྱལ་སྤྱིའི་ཡུལ་སྐོར་ཁྲོམ་རའི་བོད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་རེད།

འདི་ནི་ནོར་བུ་གླིང་ཁའི་མཛེས་ལྗོངས་ཁུལ་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ནས་ཆང་གི་བྲོ་བ་མྱངས་ནས་དམངས་སྲོལ་ལ་མྱོང་རོལ་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མིན་གྱིས་པར་བརྒྱབ།

འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཁྲོམ་བཀྱག་མདུན་དུ་ཡུལ་སྐོར་བས་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་ཁྱད་ལྡན་རྒྱན་ཆ་ཉོ་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ། པད་མ་ཚེ་དབང་གིས་པར་བརྒྱབ།

འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གཤིན་མཚོའི་འགྲམ་དུ་ཡུལ་སྐོར་བས་གངས་ཀྱི་མཛེས་ལྗོངས་ཁྲོད་དྲན་རྟེན་གྱི་པར་བརྒྱབ་ནས་ས་མཐོའི་མཚོ་མོའི་ཡུལ་ལྗོངས་ཉམས་སུ་མྱོང་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ། ཚེ་རིང་ཕུན་ཚོགས་ཀྱིས་པར་བརྒྱབ།

འདི་ནི་ཉིང་ཁྲིའི་ཉང་ཆུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་འགྲམ་དུ་ཡུལ་སྐོར་བས་མཉམ་པར་རྒྱག་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ། ཚེ་རིང་ཕུན་ཚོགས་ཀྱིས་པར་བརྒྱབ།

འདི་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཀུན་བདེ་གླིང་རྩྭ་ཐང་ངོགས་སུ་ཡུལ་སྐོར་བས་མཉམ་པར་བརྒྱབ་ནས་ཁ་བས་བཀླུབས་པའི་ས་མཐོའི་དགུན་དུས་ཀྱི་རྣམ་པ་དྲན་རྟེན་དུ་ཉར་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ། པད་མ་ཚེ་དབང་གིས་པར་བརྒྱབ།

འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་རྟ་བཞོན་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ། པད་མ་ཚེ་དབང་གིས་པར་བརྒྱབ།
འབྲེལ་ཡོད་གསར་འགྱུར།