གོམ་ཞེང་ཆེན་པོས་བདེ་སྐྱིད་ལམ་དུ་བསྐྱོད།
—— རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”དམངས་འཚོ་འགན་སྲུང་ལས་དོན་སྐོར་གྱི་སྒྲིལ་གླེང་།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོའི་ཡུལ་མི་བཀྲ་ཤིས་ཕུན་ཚོགས་ཁྱིམ་གྱི་སྒོ་ར་ནས་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་ཞིང་། ཁོང་གིས“སྔོན་ཆད་སྒོ་རའི་ནང་ཅ་ལག་གང་བྱུང་དུ་བཞག་ཡོད་པ་དང་ད་ལྟ་མེ་ཏོག་ལྡུམ་ར་དང་སྔོ་ཚལ་ལྡུམ་ར་ཆུང་ཆུང་ཞིག་ཏུ་སྒྱུར་བཀོད་བྱས་པས་ལྟ་སྣང་དོད་པ་མ་ཟད། ཡོང་འབབ་ཀྱང་གསོག་ཐུབ་ཀྱི་འདུག ནད་ཕོག་ཚེ་གྲོང་ཚོར་འཕྲོད་བསྟེན་ཁང་ཡོད་ལ་ཕྲུ་གུ་སློབ་གྲྭར་འགྲོ་སྐབས་ཀྱང་རྐང་ཐང་མར་བསྐྱོད་ཆོག”ཅེས་བརྗོད།
བཀྲ་ཤིས་ཕུན་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་རང་ལྗོངས་ཀྱིས་དམངས་འཚོ་འགན་སྲུང་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་དེ་འཕེལ་རྒྱས་ཀྱི་རྨང་གཞིར་བརྩིས་ནས་སློབ་གསོ་དང་། ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། སྨན་བཅོས། གྲོང་གསེབ་དར་རྒྱས་བཅས་ཕྱོགས་ཡོངས་ནས་སྤུས་ཚད་ལེགས་སུ་བཏང་སྟེ་གངས་ལྗོངས་ས་མཐོའི་དམངས་འཚོའི་རྨང་གཞི་དེ་བས་བརྟན་དུ་བཏང་ཡོད།
“ལས་ཞུགས་བརྟན་པོ”ནས“ལས་ཞུགས་ཡག་པོའི”བར་རྩལ་ནུས་ལ་བརྟེན་ནས་བདེ་སྐྱིད་ལམ་བུར་བསྐྱོད་པ།
“སྔོན་ཆད་ལག་རྩལ་གང་ཡང་མ་ཤེས་སྟབས་གླ་པ་རྒྱུག་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། ད་ཆ་རང་ཉིད་ནི་ལག་ཁྱེར་ཡོད་པའི་གློག་བཟོ་མཁན་ཞིག་ཡིན་པ་དང་རྫོང་གྲོང་གི་འོད་ཤུགས་གློག་ཁང་དུ་ལས་ཀ་བྱས་ཏེ་ཟླ་རེའི་ཡོང་འབབ་སྒོར་4000ལྷག་ཙམ་ཡོད་པས། འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་འབྲོག་པ་བསོད་ནམས་དར་རྒྱས་ཀྱིས་བཤད་པ་དང་ཁོང་གི་འཚོ་བའི་འགྱུར་ལྡོག་ལས་རང་ལྗོངས་ཀྱིས་ལས་ཞུགས་མང་དུ་བཏང་བ་ལས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་མཚོན་ཡོད།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། རང་ལྗོངས་ཀྱིས“དེ་བས་གང་ལེགས་དང་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས”ཀྱི་དམིགས་ཚད་ལ་དམིགས་ནས་སྲིད་ཇུས་ཀྱི་རོགས་སྐྱོར་དང་། རྩལ་ནུས་ཀྱི་མཐུན་རྐྱེན་སྦྱོར་བ། ཞབས་ཞུ་རིམ་སྤོར་བཅས་ཕྱོགས་གསུམ་གཞི་གཅིག་གི་ལས་ཞུགས་འགན་སྲུང་མ་ལག་བཙུགས་པ་རེད། ལྗོངས་ཡོངས་ཀྱིས་སྔ་རྗེས་སུ་ལས་ཞུགས་སྐུལ་སྤེལ་སྲིད་ཇུས་ཁག་30ལྷག་ཙམ་བཏོན་པས་མཐོ་སློབ་སློབ་ཐོན་སློབ་མ་དང་།ཞིང་འབྲོག་པ། ལས་ཞུགས་དཀའ་བའི་མི་སྣ་སོགས་གཙོ་གནད་ཚོགས་སྤྱིར་ཁྱབ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་ཇུས་དྲ་རྒྱ་ཆགས་ཡོད། མཐོ་སློབ་སློབ་ཐོན་སློབ་མར་དམིགས་ནས“1131”ལས་ཞུགས་ཞབས་ཞུའི་ལམ་སྲོལ་གསར་གཏོད་ལག་བསྟར་བྱས་ཏེ། ལོ་རེར་ལས་བྱེད་པ་ཁྲི་1ལྷག་ཙམ་སྒྲིག་འཛུགས་བྱས་ནས“འགན་འཁྲི་གཙང་ལེན”གྱི་རོགས་སྐྱོར་བྱས་པ་དང་། ཐབས་ལམ་མང་པོ་ནས་ལས་གནས་ཁྲི་7ཡན་བསྡུ་རུབ་བྱས་པ། ལས་གནས་གདན་ཞུའི་འདུ་ཚོགས་ཐེངས་400ལྷག་ཙམ་སྤེལ་བ་བཅས་བྱས་ཏེ། ལོ་རེར་མཐོ་སློབ་སློབ་ཐོན་སློབ་མ་ཁྱོན་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པའི་འགན་ལེན་བྱས་པ་རེད།
རྩལ་ནུས་གསོ་སྦྱོང་ནས་ལས་གནས་སྦྲེལ་མཐུད་བར་དང་། ཁ་གསབ་རོགས་སྐྱོར་ནས་ཁེ་དབང་འགན་སྲུང་བར་རང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཕྱོགས་ཡོངས་ཀྱི་ལས་ཞུགས་ཞབས་ཞུའི་མ་ལག་བཙུགས་ནས་རྒྱ་ཆེའི་ངལ་རྩོལ་པར་ཡོང་འབབ་བརྟན་པོ་ཡོང་བའི་རམ་འདེགས་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། རང་ལྗོངས་སུ་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་ཁྲི་25ཡན་གསར་དུ་འཕར་བ་དང་། མི་ཐེངས་ཁྲི་52ཡན་ལ་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ་རེད།
“བདེ་ཐང་སྲུང་བ”ནས“བདེ་ཐང་ལོངས་སུ་སྤྱོད་པའི”བར་སྨན་བཅོས་དང་ལུས་གསོ་འགན་སྲུང་ལས་མི་སེམས་དེ་བས་ལྷོད་ལ་བབ་པ།
“ཟླ་རེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་སྒོར་295དུས་ཐོག་ཏུ་རྩིས་ཁོངས་སུ་འབྱོར་བ་དང་ནད་གཞི་ལྟ་བ་དང་ནད་ཁང་དུ་བསྡད་ཚེ་འགྲོ་གྲོན་རྩིས་ཞུ་ཐུབ་ཀྱི་འདུག་པས་སླད་ཕྱིན་སྨན་བཅོས་བྱེད་པར་སེམས་ཁྲལ་མི་འདུག”ཅེས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གྲོང་མི་ཚེ་རིང་ཆོས་སྒྲོན་གྱི་སྐད་ཆ་ལས་སེམས་རྣལ་དུ་ཕབ་པ་མངོན་ཡོད།
“བདེ་ཐང་ཀྲུང་གོའི”དམིགས་ཚད་ལ་གཞིགས་ནས་རང་ལྗོངས་ཀྱིས་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བས། སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་7231བར་འཕར་བ་དང་འཕྲོད་བསྟེན་ལག་རྩལ་པ་ཁྲི་3.2དང་ཉལ་ཁྲི་21488ཡོད་པ་རེད། རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་ཡོངས་སུ་ཁྱབ་པ་དང་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་ཤང་དང་གྲོང་རྡལ་ཚང་མར་ཁྱབ་པས། མང་ཚོགས་ཀྱིས་སྒོ་འགྲམ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ལོངས་སུ་སྤྱོད་ཀྱི་ཡོད། ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་64བར་མང་དུ་ཕྱིན་པ་དང་། གཞུང་བཙུགས་བོད་ལུགས་གསོ་རིག་སྨན་ཁང་གི་ཉལ་ཁྲི་2780ཟིན་ནས་ལོ་རེར་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་127ལྷག་ཙམ་ཟིན་གྱི་ཡོད། 2024ལོར། བོད་སྨན་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་34ལྷག་ཙམ་ཟིན་པ་དང“བོད་སྨན་སྨན་ལུམས་ཀྱི་བཅོས་ཐབས”འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཡོད།
དུས་ཡུན་རིང་པོར་གཉིད་ཡེར་བའི་དཀའ་ངལ་འཕྲད་པའི་ལྷ་སའི་གྲོང་མི་ཉི་མ་སྒྲོལ་དཀར་གྱིས་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་བོད་སྨན་གྱི་སྙོམ་སྒྲིག་དང་ཁབ་བཙའི་སྨན་བཅོས་བྱས་རྗེས། གཉིད་ཁུག་པའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཁོང་གིས“བོད་སྨན་གྱི་ཞོར་སྐྱོན་ཆུང་ལ་ཡུན་རིང་གི་ཕན་ནུས་ཐོན་པས་ངའི་ཉེ་འགྲམ་གྱི་མི་མང་པོ་ཞིག་གིས་བོད་སྨན་བསྟེན་རྒྱུར་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད།
སྤྱི་ཚོགས་འགན་སྲུང་གི་དྲ་བ་ཇེ་དམ་དུ་སོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་མི་རེར་ཟླ་རེར་སྒོར་295བར་མཐོ་རུ་བཏང་བ་དང་། སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་95%ཡན་བརྟན་པོ་བྱུང་བ། བུ་གསོའི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱུང་སྟེ་2022ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་སྐྱེས་པའི་ཕྲུ་གུ་དམར་འབྱར་ཚང་མར་ལོ་རེར་ཁ་གསབ་སྒོར་3600ལེན་ཆོག་པ་དང་མིག་སྔར་རེ་ཞུའི་ཡི་གེ་ཁྲི་11ཙམ་འབྱོར་ཡོད་པ་རེད།
“ཁོར་ཡུག་མཛེས་པ”ནས“ཡོང་འབབ་མང་བའི”བར་ས་མཐོའི་ཞིང་ས་གཤིན་པོར་སྐྱེ་སྟོབས་ཀྱི་དཔལ་འབར་བ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་མཐོའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ནས་འདེབས་འཛུགས་དང་། འབྲི་གཡག་གསོ་སྤེལ། ལག་ཤེས་བསླས་འཐག་སོགས་ཁྱད་ལྡན་ཐོན་ལས་ཞིང་འབྲོག་པའི་འབབ་འཕར་འབྱུང་ཁུངས་སུ་གྱུར་ཡོད།
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་བཀྲ་ཤིས་ཚེ་རིང་གིས་མི་ཚེ་ཕྱེད་ཀ་ལྷག་ཙམ་ཞིང་ཁ་བཏབ་པ་རེད། ད་ཆ་མཉམ་ལས་ཁང་དང་མཉམ་དུ་སོན་བཟང་འདེབས་གསོ་དང་ནས་འབྲས་ལས་སྣོན་ནང་ཞུགས་པ་ལས་ཁྱིམ་ཚང་གི་ཡོང་འབབ་བརྟན་པོའི་ངང་མང་དུ་ཕྱིན་ཡོད། “སྔོན་མ་ལོ་ཧྲིལ་པོ་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲུ་རིགས་ཀྱིས་ཁྱིམ་ཚང་གི་བཟའ་འབྲུ་འདང་ཙམ་ལས་མེད། ད་ལྟ་སོན་བཟང་འདེབས་གསོ་བྱས་པས་འབྲུ་རིགས་ཀྱི་ཐོན་འབབ་མང་དུ་ཤུགས་ཆེན་ཕྱིན་པས་ཚང་མས་འབྲུ་རིགས་དང་ལས་སྣོན་ཐོན་རྫས་བཙོངས་པའི་ལོ་གཅིག་གི་ཡོང་འབབ་དེ་སྔ་དང་བསྡུར་ན་ལྡབ་ཁ་ཤས་མང་དུ་ཕྱིན་ཡོད”
ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་འབྲོག་མོ་སྒྲོལ་མས་སྐྱེ་ཁམས་འབྲོག་རར་བརྟེན་ནས་འབྲི་གཡག་གི་རྒྱུད་པ་ལེགས་བཅོས་བྱས་པ་དེས་ཚགས་ཤ་ཕྱིར་ཚོང་གི་ལམ་བུ་སྔར་བས་ཡངས་སུ་ཕྱིན་པ་མ་ཟད། ད་དུང་འོ་མ་སོས་པ་ལས་སྣོན་བྱས་པས་ཡོང་འབབ་མང་དུ་ཕྱིན་ཡོད། “སྔོན་ཆད་འབྲི་གཡག་གསོ་བར་གནམ་གཤིས་ལ་བརྟེན་དགོས་ཀྱི་ཡོད། ད་ལྟ་ཚན་རིག་དང་མཐུན་པའི་གསོ་སྤེལ་དང་མངགས་ཐོ་ཉོ་སྒྲུབ་ཟུང་འབྲེལ་བྱས་པས་ཡོང་འབབ་མང་དུ་སོང་བ་མ་ཟད། འཚོ་བ་དེ་བས་ཡག་ཏུ་སོང་ཡོད”སོགས། ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱིས་སྐྱེ་ཁམས་ཀྱི་རང་མདངས་བརྟན་སྲུང་ཐུབ་པ་མ་ཟད། ད་དུང་མི་རིགས་ཁག་གི་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ནས་གྲོང་གསེབ་དར་རྒྱས་ལ་རྒྱུན་མཐུད་སྒུལ་ཤུགས་བསྣན་ཡོད།
མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། ནོར་སྲིད་ཀྱི་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་ཁྲི་2392བཏང་བ་དང་ཞིང་དུད་ཀྱིས་སྒོར་ཁྲི་3100ལྷག་ཙམ་གྲབས་གསོག་བྱས་ཏེ་མཛེས་སྡུག་ལྡན་པའི་སྒོ་ར་450དང“གནས་འཕྲོད་ཁྱིམ་གཞིས”དཔེ་སྟོན་དུད་ཚང་1280བསྐྲུན་པ་རེད། “གཙང་བཤེར་བརྒྱད་དང་སྒྱུར་བཅོས་གཅིག”གི་བྱ་སྤྱོད་ལག་བསྟར་བྱས་ཏེ“ལྗང་མདོག་དངུལ་ཁང”གི་གད་སྙིགས་རིགས་དབྱེ་སྐར་གསོག་ལམ་ལུགས་ཁྱབ་གདལ་བཏང་བ་ལས་འཚོ་བའི་གད་སྙིགས་ཚུར་བསྡུ་བེད་སྤྱོད་བྱེད་ཚད་50%ཡན་ཟིན་པ་དང་། “མི་ཕྱུགས་ལོགས་དབྱེ་དང་གཅིག་སྡུད་ཕྱུགས་ཚང་སྐྲུན་པའི”རྣམ་པ་ཁྱབ་གདལ་བཏང་སྟེ། མི་ཕྱུགས་མཉམ་སྡོད་ཀྱི་རྣམ་པ་རྩ་བ་ནས་ལེགས་བཅོས་ཐུབ་ཡོད།
ད་ཆ་བོད་ལྗོངས་ཀྱི་ས་ཆ་གང་སར་གསོན་ཤུགས་ཀྱིས་ཁེངས་ཤིང་། ཡུལ་མིའི་ཡོང་འབབ་ཇེ་མང་དུ་འགྲོ་བ་མ་ཟད། སྤྱི་པའི་ཞབས་ཞུ་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ནས། མང་ཚོགས་ཀྱི་འཚོ་བའི་འགན་སྲུང་དེ་བས་ཤུགས་ཆེ་རུ་ཕྱིན་ཡོད། རེ་བས་ཁེངས་པའི་ཡུལ་ཁམས་འདིས་བདེ་སྐྱིད་ཀྱི་གོམ་སྟབས་བརྟན་པོ་སྤོས་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།