དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི་རིམ་པ་དང་པོའི་ཧྲང་ཧྲི་དམག་མི་ཚེ་ནོར་བུ།

    གངས་ལྗོངས་མཐའ་མཚམས་བརྟན་པོར་སྲུང་མཁན་གྱི“ཐང་དཀར་རྒོད་པོ”ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-30

    འདི་ནི་2025ལོའི་ཟླ་11པར། བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི་རིམ་པ་དང་པོའི་ཧྲང་ཧྲི་དམག་མི་ཚེ་ནོར་བུ(དཀྱིལ)དང་འཐབ་གྲོགས་གཞན་གཉིས་སྐོར་ཞིབ་ལམ་ལ་ཆས་བཞིན་པ།

    ཚེ་ནོར་བུ་དམག་དཔུང་ལ་ཞུགས་པའི་ཤུལ་ལམ་རིང་པོའི་ནང་འཆི་གསོན་ཆ་མེད་ཀྱི་སྐོར་གཡེང་ཐེངས་60ལྷག་ཙམ་བྱེད་མྱོང་བ་དང་། “ཨེར་པུའུ་ལུའུ་ཧྲི་རི་བོ་སྐོར་བའི”རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་ལ་ཐེངས་3ཞུགས་མྱོང་བར། རིམ་རྩིས་བརྒྱབ་ན་རྣམ་གྲངས་རྐྱང་པའི་ཨང་དང་པོ་10དང་། རྣམ་གྲངས་རྐྱང་པའི་ཨང་གཉིས་པ་10 རྣམ་གྲངས་རྐྱང་པའི་ཨང་གསུམ་པ་5 ཚོགས་པའི་ཨང་གཉིས་པ་གཅིག་དང་ཚོགས་པའི་ཨང་གསུམ་པ་གཅིག་བཅས་རག་མྱོང་ཡོད། དེར་བརྟེན་ཀྲུང་དབྱང་དམག་ཨུད་ཀྱིས་ཁོང་ལ“དམངས་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་མི་སྒེར”དང“དམག་ཡོངས་ཀྱི་ཧྲི་ཀོན་དམག་མིའི་ཕུལ་བྱུང་ཤེས་ལྡན་པའི་བྱ་དགའ་རིམ་པ་གསུམ་པ”སྤྲད་པ་དང་། བོད་དམག་ཁུལ་ཁང་གི“དམག་དཔུང་སྟོབས་ཆེའི་དཔེ་དམག་རྩེ་གྲར”ཐེངས་གཉིས་བདམས་པ། “བོད་དམག་ཁུལ་ཁང་གི་མཐའ་སྲུང་བོད་བརྟན་གྱི་དཔེ་དམག”དང“སྐམ་དམག་གི‘བཞི་ལྡན’གྱི་དུས་རབས་གསར་པའི་གསར་བརྗེའི་དམག་མིའི་དཔེ་དམག”ལ་སྔ་རྗེས་སུ་བདམས་པ། བྱས་རྗེས་རིམ་པ་གཉིས་པ་ཐེངས་2དང་བྱས་རྗེས་རིམ་པ་གསུམ་པ་ཐེངས་1རག་མྱོང་ཡོད།

    ཁོང“ནོར་རྫི”ཞིག་ནས་མཐའ་མཚམས་སྲུང་མཁན་གྱི“ཐང་དཀར་རྒོད་པོར”གྱུར་ཞིང་། བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི་སྐོར་གཡེང་ཡན་ལག་རུ་ཁག་གི་རིམ་པ་དང་པོའི་ཧྲང་ཧྲི་དམག་མི་ཚེ་ནོར་བུས་ལང་ཚོར་བརྟེན་ནས་དུས་རབས་གསར་པའི་གསར་བརྗེའི་དམག་མིའི་ལྷག་བསམ་དང་འགན་ཁུར་གྱི་ལེའུ་རྩོམ་བཞིན་མཆིས།

    དམག་དཔུང་ལ་ཞུཌ་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དད་སེམས་བརྟན་དུ་བཏང་བ།

    ད་ལོ་ལོ་32ལ་སླེབས་པའི་ཚེ་ནོར་བུ་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་པ་དང་། ཆུང་དུས་ནས་སྤོ་བོ་ལགས་ཀྱིས་བཤད་པའི“བཅིངས་འགྲོལ་དམག་མིའི”གཏམ་རྒྱུད་རྣ་བར་འཇགས་པས། ཕྱིས་སུ་དམག་མི་བྱས་ཏེ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དད་སེམས་བརྟན་དུ་སོང་། ནར་སོན་རྗེས་ཁོང་གིས་དམག་ཁོངས་ལ་ཞུགས་པའི་རེ་ཞུ་ཐེངས་གསུམ་ཕུལ་མཐར་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱུང་ཡོད།

    ཞིང་པའི་བུ་ཕྲུག་ཡིན་པའི་ཁོང་གིས་འབད་བརྩོན་ལྷོད་མེད་བྱས་ཚེ་གཞི་ནས་རང་ཉིད་ཀྱི་མི་ཚེའི་ཁ་ལོ་སྒྱུར་ཐུབ་པ་གསལ་པོར་རྟོགས་ཀྱི་ཡོད། དམག་ཁོངས་ལ་ཞུགས་རྗེས་སྤྱི་ལེ་ལྔའི་བྱེས་བགྲོད་ནང་འཐབ་གྲོགས་གཞན་ཚོ་ཐེངས་གཅིག་རྒྱུག་ཚེ་ཁོང་གིས་བྱེ་ཕད་ཁུར་ནས་ཐེངས་གཉིས་རྒྱུག་པ་དང་། འཐབ་རྩལ་གྱི་སྦྱོང་བརྡར་ཚད་མ་ལོན་ཚེ་ཉིན་ལྟར་ཐེངས་བརྒྱ་ཙམ་སྦྱོང་བ་སོགས་ཀྱི་སྦྱོང་བརྡར་བྱེད་ཀྱི་ཡོད།

    ལོ་མང་རིང་། ཚེ་ནོར་བུས་ལེན་ཤོག་ཁྱིམ་ལ་བརྩིས་ནས་དམག་སྒར་བསྐྲུན་ཏེ་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་ནང་ཧུར་ཐག་ཞུགས་པ་མ་ཟད། ད་དུང་ལེན་ཤོག་གི་དཔོན་དམག་ཚོ་དང་མཉམ་དུ་འཁྱགས་སའི་ཐོག་མ་ལག་འཐུས་ཚང་གི་འཛིང་རགས་ཤིག་བསྐྲུན་ཡོད། 2022ལོར་ཀྲུང་ཧྲི་དམག་མི་ཚེ་ནོར་བུ་དམག་ཞབས་ཐིམ། བཀོད་སྒྲིག་གི་གཟིགས་སྐྱོང་སྲིད་ཇུས་མདུན་དུ་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དམག་དཔུང་ལ་མུ་མཐུད་ཞུགས་རྒྱུའི་རེ་ཞུ་ཕུལ། “མཐའ་མཚམས་སྲུང་བ་ནི་རང་ཁྱིམ་སྲུང་བ་དང་འདྲ་བ་དང་། རྒྱལ་མཚམས་ཡག་པོ་བསྲུངས་ཚེ་གཞི་ནས་རྒྱལ་ཁབ་དང་ཁྱིམ་ཚང་བདེ་འཇགས་ཡོང་ཐུབ”

    དཔའ་ངར་ཞུམ་མེད་ངང་ཁ་བ་བུ་ཡུག་ཁྲོད་དུ་མཐའ་མཚམས་བསྲུངས་པ།

    སྐོར་གཡེང་བྱེད་ཐེངས་དང་པོར་ཚེ་ནོར་བུར་ཉེན་ཁ་འཕྲད་ཅིང་། གདུང་ཟམ་སྒྲོལ་སྐབས་གློ་བུར་དུ་དྲག་རླུང་འཚུབ་ནས་རྐང་པ་འདྲེད་བརྡར་ཤོར་ཏེ་འཁྱགས་ཆུའི་ནང་ལྷུངས། འཐབ་གྲོགས་གཞན་ཚོས་སྨི་བཅུ་ལྷག་རྒྱུག་རྗེས་གཞི་ནས་ཁོང་སྐྱོབ་ཐུབ་ཙམ་བྱུང་། གནས་ཚུལ་དེ་ལས་མཐའ་མཚམས་སྲུང་བར་དགའ་ཞེན་ཁོ་ནས་མི་ཆོག་པར་ད་དུང་བྱང་ཆུབ་པའི་འཇོན་ཐང་དགོས་པ་ཁོང་གིས་གསལ་པོར་ཤེས།

    ན་ནིང་གི་ཟླ་བ་བརྒྱད་པར། ཆུ་ཁ་རྒྱས་པའི་གཙང་ཆུས་ལུང་མདོའི་ཤིང་ཟམ་ལ་གཏོར་སྐྱོན་བཏང་། རུ་སྣེ་ཁྲིད་མཁན་ལས་བྱེད་པས་ཟམ་པ་ཉམས་གསོ་བྱེད་སྐབས་གཟབ་གཟབ་མ་བྱས་པར་རྐང་པའི་ཚིགས་འཆུས་ནས་ལས་འགན་སྒྲུབ་ཐབས་བྲལ། ཚེ་ནོར་བུས་གཙང་པོའི་ཞེང་ཚད་ལ་ཚོད་དཔག་རཌ་ཙམ་བྱས་རྗེས་ཐག་པ་སྦོམ་པོ་ཞིག་ཁུར་ནས་ཤུགས་ཀྱིས་མཆོངས་པས་ཆུའི་ཕར་ངོགས་སུ་སླེབས། ཁོང་གིས་ན་ཟུག་བཟོད་བཞིན་མགྱོགས་པོ་ཐག་པ་བཏང་ནས་འཐབ་གྲོཌ་གཞན་ཚོ་བདེ་འཇཌ་ངང་གཙང་པོ་བསྒྲལ་ཏེ་སྐོར་གཡེང་ལས་འགན་མུ་མཐུད་སྒྲུབ།

    ལོ་འཁོར་མོར་སྐོར་གཡེང་ལམ་བུའི་ཐོག་འབད་འཐབ་བྱེད་མཁན་ཚེ་ནོར་བུར་རྨས་སྐྱོན་ཐེངས་23ཕོག་པ་དང་སྲོག་ལ་ཉེན་ཁ་ཐེངས་ལྔ་ཙམ་འཕྲད། “སྐོར་གཡེང་ལམ་བུའི་ཐོག་སྐྱོད་སྐབས་ང་ཚོ་ནི་མེས་རྒྱལ་གྱི་སྲུང་བཅད་བརྟན་ཤོས་དེ་ཡིན”ཚེ་ནོར་བུས་མཐའ་མཚམས་ཀྱི་གནས་ཚུལ་གསལ་པོར་རྟོགས་ནས་འཇོན་ཐང་ཆེ་རུ་གཏོང་རྒྱུ་ནི་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་ཤོས་དེ་ཡིན་ཞེས་མྱོང་ཚོར་ཟབ་མོས་བཤད།

    རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱ་ཆེད་རྒྱལ་སྤྱིའི་འགྲན་བསྡུར་ཁག་ནང་ཞུགས་པ།

    རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་ཁྲོད་ཀྱི་དཀའ་ཚེགས་ཆེ་ཤོས་དང་། དུས་ཚོད་རིང་ཤོས། ཉེན་ཁ་ཆེ་ཤོས་བཅས་ཀྱི་འགྲན་བསྡུར་རྣམ་གྲངས་ཤིག་ཡིན་པའི་2018ལོའི“ཨེར་པུའུ་ལུའུ་ཧྲི་རི་བོ་སྐོར་བའི”རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་གཉེར་རྒྱུ་ཡིན་པ་ཐོས་རྗེས། ཚེ་ནོར་བུས་འཕྲལ་དུ་མིང་ཐོ་བཀོད་པ་མ་ཟད། དཔོན་དམག་300ཙམ་གྱི་ཁྲོད་ནས་འབུར་དུ་ཐོན་ཏེ་དངོས་གཞིའི་རུ་མི་12ཀྱི་གྲས་སུ་ཚུད།

    རྒྱལ་ཁ་ཐོབ་ངེས་ཀྱི་ཆོད་སེམས་བརྟན་པོ་འཆང་བཞིན་ཚེ་ནོར་བུས་སྙིང་རུས་ཆེན་པོས་སྦྱོང་བརྡར་བྱས་པ་མ་ཟད། ད་དུང་སེམས་ཁམས་ཞི་ལྷོད་དུ་བཏང་། འགྲན་བསྡུར་རིམ་པས་བྱས་མཐར་ཁོང་གི་ཕྱོགས་བསྡུས་གྲུབ་འབྲས་ཨང་བདུན་པ་ནས་ཨང་དང་པོར་སླེབས་ཡོད། ལོ་དེའི་འགྲན་བསྡུར་ནང་ཚེ་ནོར་བུ་དང་འཐབ་གྲོགས་ཚོར་རྣམ་གྲངས་རྐྱང་པའི་ཨང་དང་པོ་གསུམ་དང་། རྣམ་གྲངས་རྐྱང་པའི་ཨང་གཉིས་པ་6 ཚོགས་པའི་གྲུབ་འབྲས་ཨང་གཉིས་པ་བཅས་ཀྱི་ཕུལ་བྱུང་གྲུབ་འབྲས་ཐོབ་ཡོད། “སྐར་ལྔའི་དར་དམར་འགྲན་རའི་ནང་སྒྲེང་བ་མཐོང་སྐབས་ངས་དཀའ་ལས་བརྒྱབ་པར་རྒྱག་རིན་འདུག”ཅེས་ཚེ་ནོར་བུས་སེམས་འགུལ་ཐེབས་བཞིན་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།